ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་ལིང་གི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བཞིའི་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་དུ་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་བྱེད་པའི་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། 

བསྒྲགས་པའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གཏོང་སྐབས་མུ་མཐུད་དུ་ཨུ་རུ་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། ཁྱད་པར་དུ་མིག་སྔར་ཨ་མེ་རི་ཁས་དབྱི་ལིང་ལ་ཁྲིམས་འགལ་བཀག་སྡོམ་བྱེད་པའི་གནས་ཚུལ་འོག་ཏུ། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལིང་ལ་མཁོ་གལ་ཆེ་བའི་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་དགོས་པ་ནན་བཤད་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མིག་སྔའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་མྱུར་དུ་རྒྱལ་ཁབ་གཞན་པའི་ཁྲིམས་འགལ་བཀག་སྡོམ་མེད་པར་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུ་མཚན་ནི་བཀག་སྡོམ་བྱེད་ཐབས་དེ་དག་ཕྱོགས་ཡོངས་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པར་མི་ཕན་པས་ཡིན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་དང་ཀྲ་ལི་ཧྥུའུ་གཉིས་ཀྱིས་ད་རུང་སི་རི་ཡཱའི་གནས་བབ་དང་། ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།