ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཡིད་ཆེས་དང་དཔལ་འབྱོར་འཕར་སྣོན་སླར་གསོ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བས་ཚེས་ཉེར་བཞིའི་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཐག་གཅོད་བྱེད་ཆེད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་ཡིད་ཆེས་དང་དཔལ་འབྱོར་འཕར་སྣོན་སླར་གསོ་བྱས་ནས། ལས་ཞུགས་དང་ཁེ་ལས། དངུལ་ལོར་མ་ལག་བཅས་ཀྱི་མཐུན་སྦྱོར་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དགོས་ངེས་ཀྱི་ནོར་སྲིད་ཐད་ཀྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་མྱུར་མོར་སླར་གསོ་བྱེད་པར་རོགས་འདེགས་བྱེད་རྒྱུ་མ་ཟད། རྒྱལ་ཁབ་ཚང་མས་འགུལ་སྐྱོད་སྤེལ་ཏེ་འཁོར་སྐྱོད་རང་བཞིན་གྱི་རྒྱབ་སྐྱོར་འདོན་སྤྲོད་དང་ནོར་སྲིད་གྱི་གཞི་རྒྱ་ཇེ་ཆེར་བཏང་ནས། རིམས་ནད་རྒྱ་ཡན་དུ་སོང་བ་ལས་བྱུང་བའི་དཔལ་འབྱོར་ཐད་ཀྱི་གནོད་པ་ཇེ་ཡང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། དེའི་ཞོར་དུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཀྲུང་དབྱང་དངུལ་ཁང་གིས་དམིགས་བསལ་གྱི་འགུལ་སྐྱོད་སྤེལ་ཏེ། དངུལ་ལོར་སྲིད་ཇུས་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་དང་དཔལ་འབྱོར་དང་དངུལ་ལོར་གཏན་འཇགས་ལ་རྒྱབ་སྐྱོར་བྱས་ནས། དངུལ་ལོར་མ་ལག་གི་འཁོར་སྐྱོད་རང་བཞིན་དང་སྤྱིའི་ཚོང་རའི་བྱེད་ནུས་ལེགས་བཅོས་བྱེད་དགོས། དེ་ལས་གཞན་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། དངུལ་ལོར་མ་ལག་གིས་མུ་མཐུད་དུ་དཔལ་འབྱོར་ཐད་རྒྱབ་སྐྱོར་བྱེད་པར་ཁག་ཐེག་བྱས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་འཛད་སྤྱོད་མཁན་དང་ཁེ་ལས་ཀྱི་དངུལ་ལོར་དགོས་མཁོ་བསྐང་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རིམས་ནད་ལས་འཛམ་གླིང་ཡོངས་ཀྱི་མཁོ་འདོན་འབྲེལ་ཐག་ཆད་པ་ལས་བྱུང་བའི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་འགྲོ་སྲིད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཉོ་ཚོང་བློན་ཆེན་དག་གིས་རིམས་ནད་ཀྱིས་རྒྱལ་སྤྱིའི་ཉོ་ཚོང་དང་དངོས་རྒྱུན། ཚོང་ར་བཅས་ལ་བཅོས་པའི་གནོད་པ་ཐག་གཅོད་བྱེད་དགོས་ཟེར། གསལ་སྒྲོག་ལས་ད་རུང་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ནོར་སྲིད་པུའུ་ཡིས་གཟའ་འཁོར་རེར་གོང་གི་བྱེད་ཐབས་དེ་དག་ལག་བསྟར་བྱས་པའི་ཐད་ནས་མཐུན་སྦྱོར་བྱས་ཏེ། དུས་ལྟར་ནུས་ལྡན་གྱི་འགུལ་སྐྱོད་སྤེལ་དགོས་ཟེར། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་ཨ་མེ་རི་ཁ་དང་དབྱིན་ཇི། ཁཱ་ནཱ་ཏཱ། ཧྥ་རན་སི། འཇར་མན། དབྱི་ཐཱ་ལེ། འཇར་པན་བཅས་འདུས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།