ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་གཉིས་སུམ་བརྒྱར་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་གཉིས་སུམ་བརྒྱར་འཕར་ཡོད་པ་དང་། ནད་པ་སྟོང་གཅིག་དང་བརྒྱ་རྐྱེན་ལམ་དུ་ཤོར་ཟེར། 

སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཧྥ་རན་སི་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཉིས་དང་བཞི་བརྒྱ་ཞེ་བཞི་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་བཞི་བཅུ་ཇེ་མང་དུ་སོང་། མིག་སྔའི་བར་དུ་ནད་པ་སྟོང་གསུམ་དང་ཉིས་བརྒྱ་གྱ་གཅིག་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ཟེར། 

སཱ་ལོ་མིན་གྱིས་བསྟན་དོན། ཧྥ་རན་སིའི་རིམས་ནད་ཀྱི་མཆེད་ཚད་ཧ་ཅང་མྱུར་ཟེར། མིག་སྔར་མི་ཁྲི་གཅིག་དང་བརྒྱ་དོན་དྲུག་གིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་སྟོང་གཉིས་དང་ལྔ་བརྒྱ་བཅུ་དྲུག་གིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།