དབྱི་ལིང་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་བདུན་བརྒྱ་རེ་གཉིས་ཇེ་མང་དུ་སོང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་བཞི་ཉིན་གྱི་ཉིན་གུང་བར། དབྱི་ལིང་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་བདུན་བརྒྱ་རེ་གཉིས་ཇེ་མང་དུ་སོང་བ་དང་། དེ་ནི་རྒྱལ་ཁབ་དེའི་ཉིན་རེར་ནད་པ་ཇེ་མང་དུ་སོང་ཚད་ཆེས་མཐོ་བའི་ཉིན་ཞིག་རེད། རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱ་བཅུ་གཅིག་ཏུ་བསླེབ་ཡོད། དེའི་ནང་ནད་པ་སྟོང་གཅིག་དང་དགུ་བརྒྱ་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་སྟོང་བརྒྱད་དང་དགུ་བརྒྱ་བཅུ་གསུམ་དྲག་སྐྱེད་བྱུང་ཡོད་ཟེར། 

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉེར་བཞིའི་ཉིན་ཏི་ཧེ་ལན་ནས་བསྡུས་པའི་རྒྱལ་ཡོངས་རིམས་ནད་འགོག་བཅོས་བྱ་བའི་ཚན་ཆུང་གི་གྲོས་ཚོགས་སྟེང་བསྟན་དོན། དབྱི་ལིང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་སྨན་ཁང་དུ་སྡོད་པའི་ནད་པ་དང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེ་ལས་སྲིད་གཞུང་གིས་སྤྱད་པའི་བྱེད་ཐབས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་བདེན་དཔང་བྱེད་ཐུབ་ཟེར། 

དེ་ལས་གཞན་ལུའུ་ཧཱ་ནེ་ཡིས་མང་ཚོགས་དག་གིས་ཟླ་བཞི་བའི་ཚེས་གསུམ་ཉིན་གྱི་ཡར་སྔོན་དུ་བྱ་བ་བྱེད་ས་ཡོད་ཚད་ཀྱི་སྒོ་བརྒྱག་པ་དང་འདུ་འཛོམས་ཀྱི་བྱ་འགུལ་ཆེ་གྲས་དག་རྩིས་མེད་གཏོང་དགོས་པའི་གྲོས་གཞི་བཏོན། ཞོར་དུ་མྱུར་སྐྱེལ་ཀུང་ཟི་ཡིས་དངོས་པོ་ཁྱིམ་དུ་བསྐྱལ་ནས་སྡོད་དམངས་དག་སྒོར་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།