ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འཛམ་གླིང་ཡོངས་སུ་འཁྲུག་རྩོད་མཚམས་བཞག་སྟེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གསུམ་ཉིན་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འཁྲུག་རྩོད་མཚམས་བཞག་སྟེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་རྒྱང་བསྟེན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟ་དམག་དོན་འཁྲུག་རྩོད་མཚམས་བཞག་སྟེ་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་དུས་ལ་བབས་ཡོད་ཟེར། ཁོས་འཐབ་འཁྲུག་བྱེད་པའི་ཕྱོགས་ཁག་སོ་སོས་དགྲར་འཛིན་གྱི་བྱ་སྤྱོད་ཇེ་ཉུང་དུ་གཏོང་བ་དང་། དོགས་གཞི་བསྐྱུར་ནས་མེ་མདའི་གྲགས་སྒྲ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་། ཁོས་བལྟས་ན། འཛམ་གླིང་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དེ་ཚེ་སྲོག་སྐྱོབ་པའི་བར་ཁྱམས་འཛུགས་པ་དང་། ཕྱི་འབྲེལ་བྱེད་ཐབས་ལ་གོ་སྐབས་བཟང་བོ་བསྐྲུན་པ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་སྟོབས་ཤུགས་མེད་པའི་ས་ཁུལ་གྱི་རེ་ཐག་མི་ཆད་པར་བྱེད་པ་བཅས་ལ་གལ་འགངས་ཧ་ཅང་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པ་དང་། འཁྲུག་རྩོད་བྱེད་པའི་ས་ཁུལ་གྱི་སྨན་བཅོས་མ་ལག་ཉམས་དམས་སུ་སོང་ཡོད་པ་དང་། ཁ་གྲངས་མང་བོ་མེད་པའི་སྨན་བཅོས་ཀྱི་ཆེད་ལས་མི་སྣ་དག་འཇབ་རྒོལ་བྱ་ཡུལ་དུ་གྱུར་ཡོད། ཡུལ་གྱར་བ་དང་འགྲོ་སའི་ཁྱིམ་མེད་པའི་མི་རྣམས་རིམས་ནད་ཀྱི་མདུན་ནས་ཧ་ཅང་ཉམས་ཞན་ཡིན། ནད་དུག་གང་སར་མཆེད་པ་ལས་འཐབ་འཁྲུག་ནི་བླུན་རྟགས་ཤིག་ཡིན་པ་མཚོན་པར་བྱས་ཡོད་ཟེར། 

ཁོས་རྒྱལ་ཁབ་སོ་སོས་མཐུན་སྦྱོར་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་དགོས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཤུགས་ཆེན་པོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་འཆར་གཞི་རབ་དང་རིམ་པ་བཏོན་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཐད་བཟོས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།