ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ལོ་ཏི་ཡཱ་རུ་ཚད་རིམ་ལྔ་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོ་ཏི་ཡཱའི་རྒྱལ་ས་སཱ་ཀི་ལེ་པུའུ་བྱང་ཕྱོགས་ས་ཁུལ་དུ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་སྐར་མ་ཉེར་བཞིའི་སྟེང་ཚད་རིམ་ལྔ་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་བ་དང་། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཁི་ལོ་ཏི་ཡཱ་ནས་བྱུང་བའི་ལོ་ངོ་བརྒྱ་དང་བཞི་བཅུ་ལྷག་གི་རིང་ཆེས་ཚབས་ཆེ་བའི་ས་འགུལ་ཐེངས་ཤིག་ཡིན་པ་དང་། ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད་ལ། ཁི་ལོ་ཏི་ཡཱའི་འཕྲིན་གཏོང་ཁང་གི་གཞུང་སྒྲུབ་ཁང་དང་བཅས་པར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཀྱང་། རྩོམ་སྒྲིག་པ་དང་གསར་འགོད་པ། ལག་རྩལ་མི་སྣ་བཅས་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ། མུ་མཐུད་དུ་གསར་འགྱུར་སྒྲོག་སྤེལ་བྱེད་བཞིན་ཡོད་ཟེར། 

རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་མཁན་བརྒྱ་ཡིས་སཱ་ཀི་ལེ་པུའུ་ནས་མྱུར་མོར་འགེབས་སྲུང་ཁང་ལས་ནས། རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས། གྲོང་ཁྱེར་ཧྲིལ་བོར་རས་གུར་དྲུག་ཕུབ་ཡོད་པ་དང་། མི་དྲུག་བརྒྱ་ཤོང་ཐུབ། ས་འགུལ་ཆུང་བ་མང་དུ་འབྱུང་བཞིན་ཡོད་པས། རས་གུར་དེ་གནས་སྐབས་སུ་ཁྱིམ་ལ་ལོག་མི་འདོད་པའི་མིར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། གནས་འདི་ནས་མི་རྣམས་ལ་ཟས་རིགས་དང་འཐུང་ཆུ། མལ་སྟན་སོགས་ཐོབ་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་པུའུ་ལའང་གཏོར་བཤིག་ཅུང་ཙམ་ཐེབས་ཡོད། 

ཁི་ལོ་ཏི་ཡཱའི་ས་འགུལ་རིག་པའི་མཁས་པ་དབྱེ་ཝན་ཆི་ཆི་ཡིས་ཚེས་ཉེར་གཉིས་ཉིན་གྲོང་ཁྱེར་སྡོད་དམངས་ཀྱིས་འཚུབ་ཆ་མི་ལངས་པའི་སྔོན་འགྲོའི་ཆ་རྐྱེན་འོག་སེམས་ནས་གྲ་སྒྲིག་གང་ལེགས་བྱེད་དགོས། མིག་སྔར་ས་འགུལ་དྲག་པོ་ཡང་བསྐྱར་འབྱུང་མིན་ལ་སྔོན་དཔག་བྱེད་ཐབས་མེད་ཟེར། ཁི་ལི་ཏི་ཡཱའི་དམངས་སྲུང་ཅུའུ་ཡིས་བསྟན་དོན། མ་འོངས་པའི་ཉིན་འགའི་ནང་དང་གཟའ་འཁོར་འགའི་ནང་གྲོང་ཁྱེར་སྡོད་དམངས་དག་གིས་དོགས་ཟོན་མཐོར་འདེགས་བྱེད་དགོས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་དམིགས་ནས། གྲོང་ཁྱེར་སྡོད་དམངས་དག་གིས་སྔར་བཞིན་འགོག་སྲུང་བྱེད་པར་མཉམ་འཇོག་བྱས་ཏེ། ས་འགུལ་བྱུང་རྗེས་ཕྱི་རོལ་དུ་སྡོད་སྐབས་ཀྱང་རྨིད་གསུམ་གྱི་བར་ཐག་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།