ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོས་རིམས་འགོག་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བསྟུད་མར་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་བའི་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོས་རིམས་འགོག་བྱེད་ཐབས་ལ་ཤུགས་སྣོན་བྱས་པ་དང་། སྤྱི་བའི་སྒྲིག་ཆས་བེད་སྤྱོད་བྱེད་མཚམས་འཇོག་པ་དང་། མཐའ་མཚམས་བཀག་སྡོམ་བྱེད་པ། ཕྱི་རྒྱལ་བ་རང་གི་མངའ་ཁོངས་སུ་ཡོང་བར་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱས། 

ཁུ་པཱ་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་བཞི་ཉིན་ནས་བཟུང་ཕྱི་རྒྱལ་བ་རང་གི་མངའ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། ནུས་ལྡན་ཡུན་ཚད་གནས་སྐབས་སུ་ཉིན་སུམ་ཅུར་གཏན་འཁེལ་བྱས་ཡོད་ཟེར། ཁུ་པཱའི་ཙུང་ལི་མཱ་ལོས་ལོ་ཡིས་བཤད་རྒྱུར། ཁུ་པཱ་ཡིས་ཁུ་པཱའི་སྤྱི་དམངས་དང་གཏན་སྡོད་ཆོག་མཆན་ཐོབ་པའི་ཕྱི་རྒྱལ་བ་མ་གཏོགས་ཁུ་པཱ་རུ་ཡོང་མི་ཆོག བྱེད་ཐབས་དེ་ལས་མིག་སྔར་ཁུ་པཱ་རུ་ཡོད་པའི་ཕྱི་རྒྱལ་གྱི་སྤྱི་དམངས་ཁུ་པཱ་དང་འབྲལ་བར་བཀག་སྡོམ་བྱས་མེད་ཟེར། 

ཝུའུ་ཁི་ལན་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་གཅིག་ཉིན་ནས་བཟུང་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་དང་ཏིས་ཧྲི་པའོ་ལོ་ཕིས་ཏི་ལོ་ཧྥུའུ་སི་ཁི་ཀྲིག དབྱི་ཝན་ནོའུ་ཧྥོ་ལན་ཁི་ཧྥུའུ་སི་ཁི་ཀྲིག་བཅས་བྲེལ་མྱུར་རིམས་འགོག་རྣམ་པར་ཞུགས་ཡོད་ཟེར། དེའི་སྔོན་ཝུའུ་ཁི་ལན་སྲིད་གཞུང་གིས་སློབ་གསོའི་ལས་ཁུངས་སོ་སོས་སློབ་ཁྲིད་བྱ་འགུལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། མི་བཅུའི་ཡན་འདུས་པའི་བྱ་འགུལ་གཏན་འགོག་བྱེད་པ། རང་མངའ་ཁོངས་ཀྱི་ཀྲིག་བར་དང་གྲོང་ཁྱེར་བར་གྱི་ལྕགས་ལམ། མཁའ་ལམ། གཞུང་ལམ། ས་འོག་ལྕགས་ལམ་བཅས་ཀྱི་འགྲུལ་སྐྱེལ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཡོད། 

ཁོ་ཐི་ཏེ་ཝོར་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཆེད། ཟླ་འདིའི་ཚེས་ཉེར་གཉིས་ཉིན་ནས་བཟུང་མཐའ་མཚམས་བཀག་སྡོམ་བྱས་ཏེ་མི་སྣའི་འགྲོ་འོང་གཏན་འགོག་བྱེད་རྒྱུ་ཡིན་ཡང་། རྒྱལ་སྤྱིའི་དངོས་ཟོང་སྐྱེལ་འདྲེན་བཀག་འགོག་བྱེད་མི་སྲིད་ཟེར། 

ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་ཉི་ཤུའི་ཉིན་རྒྱལ་ཡོངས་ཀྱི་བཀག་སྡོམ་བྱེད་ཐབས་ལ་སྔར་ལས་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཐུ་ནི་ཞི་ཡཱ་ཡིས་ཚེས་ཉེར་གཉིས་ཉིན་ནས་ཟླ་བཞི་བའི་ཚེས་བཞི་ཉིན་བར་རྒྱལ་ཡོངས་སུ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད། དེའི་ནང་ཐུ་ནི་ཞི་ཡཱའི་གྲོང་ཁྱེར་སོ་སོའི་བར་གྱི་འགྲིམ་འགྲུལ་དང་མི་སྣའི་འགྲོ་འོང་མཚམས་འཇོག་པ་དང་། མི་མང་བོ་འདུས་པའི་ཐོན་སྐྱེད་ལས་ཁུངས་དང་ཚོང་ལས་ལས་ཁུངས་ཀྱི་སྒོ་བརྒྱག་པ། མང་ཚོགས་དག་གང་འདོད་དུ་སྒོར་འབུད་མི་རུང་བའི་རེ་བ་འདོན་པ་སོགས་འདུས། 

སིང་ག་ལཱའི་ཙུང་ཐུང་བཞུགས་ཤག་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་ནས་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར། གླིང་ཕྲན་ཧྲི་བོར་མཚན་མགྲོན་འགོག་རྒྱུ་ཡིན་ཟེར། སིང་ག་ལཱའི་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་དང་སྒེར་གཉེར་སྡེ་ཁག་གི་ལས་བཟོ་བས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཉིན་བདུན་རིང་རང་ཁྱིམ་ནས་བྱ་བ་བྱེད་རྒྱུ་ཡིན་པ་དང་། ལས་ཁུངས་སོ་སོས་ཕན་ནུས་ལྡན་པའི་བྱ་བའི་རྐྱེན་སྲོལ་གཏན་འབེབས་བྱས་ཏེ། སྲིད་གཞུང་སྡེ་ཁག་གི་རྒྱུན་ལྡན་འཁོར་སྐྱོད་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། 

ནེ་པཱ་ལཱའི་ཙུང་ལི་ཨོ་ལེ་ཡིས་ཚེས་ཉི་ཤུའི་ཉིན་སྲིད་ཇུས་རབ་དང་རིམ་པ་ཁྱབ་སྒྲོག་བྱས། ཚེས་ཉེར་གཉིས་ཉིན་ནས་ཚེས་སོ་གཅིག་ཉིན་བར། ནེ་པཱ་ལཱ་ཡིས་རྒྱལ་སྤྱིའི་གནམ་གྲུ་ཚང་མ་གཏོང་མཚམས་འཇོག་རྒྱུ་ཡིན་པ་དང་། ཚེས་ཉེར་གསུམ་ཉིན་ནས་བཟུང་རྒྱལ་ནང་གི་རྒྱང་བཞུད་འགྲུལ་སྐྱེལ་ཞབས་ཞུ་མཚམས་འཇོག་རྒྱུ་ཡིན་ལ། ཚེས་ཉེར་གསུམ་ཉིན་ནས་ཟླ་བཞི་བའི་ཚེས་གསུམ་ཉིན་བར། རྒྱལ་ཡོངས་སུ་འཚོ་བའི་མཁོ་དངོས་དང་སྨན་བཅོས་ཡོ་བྱད་སོགས་ཞབས་ཞུ་ལས་རིགས་མ་གཏོགས་པའི་ཞབས་ཞུའི་ལས་ཁུངས་གཞན་པ་ཚང་མས་ལས་གཉེར་མཚམས་འཇོག་དགོས། 

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་ཚེས་ཉི་ཤུའི་ཉིན་སྐོར་ཐེངས་གསར་བའི་རིམས་འགོག་བྱེད་ཐབས་མཚམས་སྦྱོར་བྱས། ཚེས་ཉི་ཤུ་ཉིན་ནས་བཟུང་མི་བརྒྱའི་ཡན་གྱི་འདུ་ཚོགས་བྱ་འགུལ་སྤེལ་སྐབས་མི་རེར་རྨིད་ངོས་སྙོམས་གྲུ་བཞི་མ་བཞིའི་བར་སྟོང་ཡོད་དགོས་པའི་གཏན་འཁེལ་བྱས་ཡོད། དེའི་སྔོན་ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་མི་ལྔ་བརྒྱའི་ཡན་གྱི་ཕྱི་རོལ་བྱ་འགུལ་དང་མི་བརྒྱའི་ཡན་གྱི་ཁང་བའི་ནང་གི་བྱ་འགུལ་གཏན་འགོག་བྱས། མའོ་ལི་སིན་གྱིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཨོ་སི་ཁྲུ་ལི་ཡཱའི་སྤྱི་དམངས་མ་གཏོགས་པའི་མི་ཚང་མའི་འགྲོ་འོང་གཏན་འགོག་བྱེད་རྒྱུ་ཡིན་ཟེར། 

སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱིས་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དགོས་ངེས་བྱེད་ཐབས་སྤྱད་ནས། རིམས་ནད་སྐབས་སུ་མི་རྣམས་ལ་མཁོ་བའི་སྨན་རྫས་དང་ཟས་རིགས། འཚོ་བའི་མཁོ་དངོས་བཅས་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། 

ནེའུ་ཙེ་ལན་གྱིས་ཚེས་བཅུ་དགུའི་ཉིན་མཐའ་མཚམས་བཀག་སྡོམ་བྱས། ནེའུ་ཙེ་ལན་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཨོ་ཁི་ལན་ནས་ཀྱང་སྤྱི་བའི་དཔེ་མཛོད་ཁང་དང་ཆུར་རྐྱལ་ཁང་། རྟེན་མཛོད་ཁང་བཅས་ཀྱི་སྒོ་བརྒྱབ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།