ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་བདུན་བརྒྱ་དོན་གསུམ་ལ་བསླེབས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་བདུན་བརྒྱ་དོན་གསུམ་དུ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུ་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དགུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་བཞི་བརྒྱ་དང་ཉེར་གཅིག་ཡིན་པ་དང་། བསྡོམས་པས་འབུམ་གཅིག་དང་ཁྲི་ལྔ་སྟོང་གཉིས་བདུན་བརྒྱ་དོན་གསུམ་དུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་ལྔ་བཅུ་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་དྲུག་དང་ལྔ་བརྒྱ་གྱི་བདུན་དུ་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཉིས་དང་སྟོང་བཞི་ཉིས་བརྒྱ་ཞེ་བདུན་འཕར་ཡོད་ལ། བསྡོམས་པས་འབུམ་གཉིས་དང་ཁྲི་གསུམ་སྟོང་བཞི་དོན་གསུམ་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་རེ་གཅིག་འཕར་ནས། བསྡོམས་པས་སྟོང་དགུ་དང་བརྒྱད་བརྒྱ་བཞི་བཅུར་བསླེབ་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོའི་ཝུའུ་ཧན་ནས་ཚེས་བཅུ་དགུའི་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གསར་བ་མ་བྱུང་བ་ལས་འཛམ་གླིང་ཡོངས་ལ་རེ་བ་སྦྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།