ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་སོལ་གཏེར་ཞིག་ནས་ཚེས་ཉི་ཤུའི་ཉིན་འགས་གཏོར་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཟེར།
ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཁོས་ཏཱ་ས་ཁུལ་ནས་བྱུང་། འགས་གཏོར་ལས་སོལ་གཏེར་ལ་རྡིབས་སྐྱོན་བྱུང་བ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ཝ་སི་སོལ་རླངས་ཕྱིར་ཤོར་བས་རེད་ཟེར།
རྒུད་སྐྱོབ་མི་སྣ་དོན་རྐྱེན་བྱུང་རྗེས་མྱུར་དུ་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ། མིག་སྔར་རྨས་མ་དང་འདས་པོའི་བེམ་པོ་ཁོས་ཏཱ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད།
བདེ་འཇགས་ཀྱི་ཚད་གཞི་དམའ་བ་དང་རླུང་རྒྱུའི་སྒྲིག་ཆས་ཞན་པ་སོགས་རྒྱུ་རྐྱེན་དབང་གིས་ཕཱ་ཁི་སི་ཐན་དུ་གཏེར་འདོན་ས་ཁུལ་དུ་ཆག་སྒོ་མང་དུ་བྱུང་ཡོད། བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་དུ་ལོ་རེར་མི་ཉིས་བརྒྱ་ཙམ་རིགས་སྣ་ཚོགས་ཀྱི་གཏེར་འདོན་ས་ཁུལ་གྱི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར་བཞིན་ཡོད།