ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་བཅུ་དགུའི་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་དགུ་བརྒྱ་གོ་ལྔར་བསླེབ་པ་དང་། ནད་པ་སུམ་བརྒྱ་དང་དོན་གཉིས་རྐྱེན་ལམ་ཤོར་ཡོད་ཟེར། 

སཱ་ལོ་མིན་གྱིས་བཤད་རྒྱུར། སྔ་ཉིན་དང་བསྡུར་ན་ཧྥ་རན་སི་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་རེ་གཅིག་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་བརྒྱད་ཇེ་མང་དུ་སོང་ཡོད་ཟེར། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཧྥ་རན་སིའི་སྲིད་གཞུང་གིས་མ་འོངས་པའི་ལོ་ངོ་བཅུའི་ནང་ཚན་རིག་ཞིབ་འཇུག་ཐད་ཀྱི་སྔོན་རྩིས་ཡོ་སྒོར་ཐེར་འབུམ་ལྔ་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར། ཁོས་བསྟན་དོན། མིག་སྔའི་ཉམས་ཉེན་འདི་ལས་མི་རྣམས་ལ་ཚན་རིག་ཞིབ་འཇུག་གི་གལ་ཆེན་རང་བཞིན་དང་གཞི་རྒྱ་ཆེ་ཞིང་དུས་ཡུན་རིང་བོར་ཚན་རིག་ཞིབ་འཇུག་ཐད་དངུལ་གཏོང་བྱེད་པའི་དགོས་གལ་རང་བཞིན་ཤེས་སུ་བཅུག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།