ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཉམས་མྱོང་གི་རྒྱལ་སྤྱིའི་བརྗེ་རེས་མཉམ་སྤྱོད་ཚོགས་འདུ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཉམས་མྱོང་གི་རྒྱལ་སྤྱིའི་བརྗེ་རེས་མཉམ་སྤྱོད་ཚོགས་འདུ་ཚེས་བཅུ་དགུའི་ཉིན་གྱི་དགོང་མོར་དྲ་རྒྱའི་ཐད་གཏོང་གི་རྣམ་པས་འཛམ་གླིང་ཡོངས་ལ་སྤེལ། རིམས་འགོག་གི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་ཀྲུང་གོའི་སྨ་བཅོས་ཆེད་མཁས་པས་དང་ཕྱི་རྒྱལ་གྱི་རིགས་མཐུན་དག་གིས་བརྙན་རིས་སྦྲེལ་མཐུད་བྱེད་པའི་ཐབས་ཀྱིས་གྲོས་བསྡུར་ཞིབ་ཏུ་བྱས། 

མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་ཀྲུང་གོ་ནས་ཕན་ནུས་ལྡན་པའི་བཀག་འགོག་ཐོབ་ཡོད་པ་དང་། རྒྱལ་ཁབ་མང་བོ་ནས་རིམས་ནད་ཀྱི་མཆེད་ཚད་ཧ་ཅང་མྱུར། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་སྐབས་བསགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་མཚམས་སྦྱོར་བྱེད་པ་དང་། ཆེད་ལས་ཤེས་བྱའི་གྲོས་བསྡུར་ལ་ཤུགས་སྣོན་བྱས་ཏེ། སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བརྩོན་ལེན་བྱེད་པའི་ཆེད་ཟེར། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་ཆེད་མཁས་པའི་ཚན་ཆུང་གི་ཁོངས་མི་ལིས་ལན་ཅོན་དང་པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་ཡོན་ཀྲང་ཆའོ་ཅེ། ཧྥུའུ་ཏན་སློབ་ཆེན་གྱི་ཟུར་གཏོགས་ཀྲུང་ཧྲན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀྲུའུ་ཁྲུག་ཝུན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་མཁས་པའི་ཚན་ཆུང་གི་ཚན་གཙོ་ཀྲུང་ནན་ཧྲན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཆེད་མཁས་པ་དག་གིས་ཀྲུང་གོའི་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་ནད་པའི་གསོ་བཅོས་སྐབས་ཀྱི་བྱེ་བྲག་གི་བྱེད་ཐབས་སོགས་མཚམས་སྦྱོར་ཞིབ་རྒྱས་བྱས། ཆེད་མཁས་པ་དག་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་དྲ་གྲོགས་སོགས་ཀྱིས་བཏོན་པའི་གནད་དོན་བཅུ་ལྷག་ལ་ལན་བཏབ། ཨ་མེ་རི་ཁའི་ཡའོ་ཧན་ཧའོ་པུའུ་ཅིན་སི་སློབ་ཆེན་གྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཧི་ཨར་མན་གྱིས་བསྟན་དོན། ཐེངས་འདིའི་བརྙན་རིས་གྲོས་ཚོགས་སྤེལ་བ་དུས་དང་འཚམ་པ་དང་། ཀྲུང་གོའི་ཆེད་མཁས་པས་གང་ནུས་ཀྱིས་ཉམས་མྱོང་མཚམས་སྦྱོར་བྱས་པར་མ་ཟད། མཉམ་སྤྱོད་བྱས་པའི་ནང་དོན་ཕུན་སུམ་ཚོགས་ལ་ཞིབ་རྒྱས་ཡིན་པས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་ནད་ཐོག་གསོ་བཅོས་དང་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།