ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་སློབ་གྲྭ་འབྲིང་ཆུང་གི་སྒོ་བརྒྱབ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་ཆེད། ཚེས་ཉི་ཤུ་ཉིན་ནས་བཟུང་དབྱིན་ཀི་ལན་གྱི་སློབ་གྲྭ་འབྲིང་ཆུང་ཚང་མའི་སྒོ་བརྒྱག་རྒྱུ་ཡིན་ཟེར། སུའུ་ཀི་ལན་དང་ཝེ་ཨར་ཧྲི་ས་གནས་དབང་འཛིན་ལས་ཁུངས་ཀྱིས་ཀྱང་ཚེས་ཉི་ཤུ་ཉིན་ནས་བཟུང་སློབ་གྲྭའི་སྒོ་བརྒྱག་རྒྱུ་ཁྱབ་སྒྲོག་བྱས། ཨིར་ལན་བྱང་མའི་སློབ་གྲྭ་འབྲིང་ཆུང་དག་གིས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་སློབ་ཁྲིད་བྱེད་མཚམས་བཞག་ཡོད་ཟེར། 

ཡོ་ཧན་ཞོན་གྱིས་ཉིན་དེར་རྒྱུན་ལྡན་གྱི་རིམས་ནད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་དབྱིན་ཇི་རུ་རིམས་ནད་ཀྱི་གནོན་ཤུགས་ཆེན་པོ་བྱུང་བས། སྲིད་གཞུང་གིས་སློབ་གྲྭའི་སྒོ་བརྒྱག་པའི་ཆོད་དོན་མི་སྤེལ་ཐབས་མེད་བྱུང་ཡོད་ཀྱང་། སྨན་བཅོས་མི་སྣ་སོགས་གནད་འགག་ལས་རིགས་དང་ཆ་རྐྱེན་ཞན་པའི་ཁྱིམ་ཚང་གི་བྱིས་པར་སྔར་བཞིན་མུ་མཐུད་དུ་སློབ་གྲྭས་བདག་སྐྱོང་བྱེད་རྒྱུ་ཡིན་པ་དང་། དབུལ་ཕོངས་ཅན་གྱི་བྱིས་པར་སློབ་གྲྭས་འདོན་སྤྲོད་བྱས་པའི་རིན་མེད་ཀྱི་ཞོགས་ཟས་དང་གུང་ཟས་ཐོབ་ཐུབ་ཟེར། 

དབྱིན་ཇིའི་སློབ་གསོའི་བློན་ཆེན་ཝེ་ལེན་མུའུ་སིན་གྱིས་ཉིན་དེར་གྲོས་ཁང་ནང་བསྟན་དོན། ད་ལོའི་དབྱར་གནང་སྔོན་གྱི་རྒྱུགས་ཚང་མ་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར། 

ཚེས་བཅོ་བརྒྱད་ཉིན་བར་དབྱིན་ཇི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཉིས་དང་དྲུག་བརྒྱ་ཉེར་དྲུག་ཡོད་པ་དང་། ནད་པ་བརྒྱ་ཕྲག་ལྷག་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།