ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པ་དང་ཕྱི་རྒྱལ་གྱི་མི་སྣ་མང་བོས་བསྟན་དོན། ཀྲུང་གོསི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཐད་ནས་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་རིན་ཐང་ལྡན་པ་དང་། ཀྲུང་གོའི་བར་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་འགོག་བཅོས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་ས་ཁུལ་གྱི་དོན་གཅོད་ཁང་གི་ཀྲུའུ་རིན་ཁི་ལུའུ་ཀི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཡོ་རོབ་གླིང་ས་ཁུལ་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་སོང་བའི་ས་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱལ་ཁབ་སོ་སོས་འགུལ་སྐྱོད་སྤེལ་ཏེ། ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། ནུས་ཤུགས་ཆེན་པོ་བཏོན་ནས་རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱེད་དགོས་ཟེར།
ཉེ་སྔོན། ཀྲུང་གོའི་སྨན་བཅོས་ཆེད་མཁས་པས་དབྱི་ཐཱ་ལེ་དང་དབྱི་རག་ཏུ་བྱ་བ་སྤེལ་ནས་ཉིན་འགའ་འགོར་ཡོད། ས་དེའི་མི་སྣས་བསྟན་དོན། ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་གསོ་བཅོས་བྱེད་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་རིན་ཐང་ཆེན་པོ་ལྡན་ཟེར།
ཁོ་ལོམ་པུ་ཡཱའི་ཚན་རྩལ་པུའུ་ཀྲང་ཐའོ་ལོས་སི་ཡིས་བསྟན་དོན། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། ཁོ་ལོམ་པུ་ཡཱ་ཡིས་དོན་དེར་རྟེན་འབྲེལ་ཞུ་བཞིན་ཡོད་ཟེར། མིག་སྔར་ཁོ་ལོམ་པུ་ཡཱ་ཡིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་བཞིན་ཡོད་པ་དང་། དོན་དེའི་ཐད་ནས་ཀྲུང་གོའི་བར་བརྗེ་རེས་ཟབ་མོ་བྱས་ཤིང་། ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཉམས་མྱོང་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་སློབ་སྦྱོང་བྱེད་འདོད་ཡོད་ཟེར།
ཕཱ་ནཱ་མཱའི་འཕྲོད་བསྟེན་པུའུ་ཀྲང་ཐི་ནཱ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཉམས་མྱོང་རྩ་ཆེན་དང་བྱེད་ཐབས་འདོན་སྤྲོད་བྱས་པ་ལས་ཕཱ་ནཱ་མཱ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ། དེར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། རྗེས་སུ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཉམས་མྱོང་བསྡུ་ལེན་བྱས་ཏེ། རིམས་ནད་མཐའ་གཅིག་ཏུ་འགོག་བཅོས་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར།
ལེ་པཱ་ནུན་ནས་པར་སྐྲུན་ཁང་ཞིག་གིས་ཉེ་སྔོན་ཀྲུང་གོའི་རིམས་འགོག་ལག་དེབ་མང་བོ་ལོ་ཙཱ་བྱས་ཏེ་པར་སྐྲུན་བྱས་པ་དང་། མང་ཚོགས་ལ་འབྲེལ་ཡོད་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ་རིམས་ནད་ཚོད་འཛིན་གང་ལེགས་བྱེད་དགོས་པའི་ཚུལ་བསྟན།