ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་སོ་སོས་ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་སྣང་མེད་དུ་བསྐྱུར་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་སྤྱད་པས་དབྱི་ལིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ནུས་པ་ཇེ་ཞན་དུ་བཏང་ཡོད་པར་སྐྱོན་འཛུགས་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་སྣང་མེད་དུ་བསྐྱུར་དགོས་པའི་འབོད་སྐུལ་བཏང་། 

ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་ཁྲིམས་འགལ་བཀག་སྡོམ་ལས་དབྱི་ལིང་གི་དཔལ་འབྱོར་ཐོན་ཁུངས་ཟད་པར་བྱས་ཏེ། དབྱི་ལིང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ནུས་པ་ཇེ་ཞན་དུ་གྱུར་ཡོད་ཟེར། ཁོས་རྒྱལ་ཁབ་སོ་སོ་ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་སྣང་མེད་དུ་བསྐྱུར་བའི་འཛམ་གླིང་རང་བཞིན་གྱི་འགུལ་སྐྱོད་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེའི་སྔ་དྲོར་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་སྨན་བཅོས་མཁོ་དངོས་ཀྱི་བཀག་སྡོམ་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས་ཀྱང་། དོན་དངོས་སུ་སྔར་བཞིན་བཀག་རྒྱ་བཟོ་བཞིན་ཡོད་པ་དང་། དབྱི་ལིང་གིས་རྒྱལ་ཁབ་གཞན་པའི་དངུལ་ལོར་ཐོན་ཁུངས་སུའེ་ཙེར་དུ་སོང་ནས་དབྱི་ལིང་གི་མི་ཆོས་རིང་ལུགས་ལ་དམིགས་པའི་ཉོ་ཚོང་རྐྱེན་སྲོལ་འཛུགས་པར་བཀག་འགོག་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཅི་བྱས་གང་བསྒྲུབ་ཚང་མ་གཡོ་ཐབས་ཡིན་ཟེར། 

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཉིན་དེའི་ཉིན་གུང་བར། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་དོན་བརྒྱད་ཇེ་མང་དུ་སོང་ཡོད་པ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་དྲུག་བརྒྱ་དང་རེ་དགུར་བསླེབ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་དགུ་བརྒྱ་གྱ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད། གཞན་ཡང་ནད་པ་སྟོང་ལྔ་དང་སུམ་བརྒྱ་གྱ་དགུ་དྲག་སྐྱེད་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།