འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བདུན་དང་སྟོང་གཉིས་བཞི་བརྒྱ་རེ་དགུར་བསླེབ་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བདུན་དང་སྟོང་གཉིས་བཞི་བརྒྱ་རེ་དགུར་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་དགུ་བརྒྱ་ང་ལྔ་ཡིན་པ་དང་། བསྡོམས་པས་ཁྲི་བདུན་དང་སྟོང་གཉིས་བཞི་བརྒྱ་རེ་དགུར་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སུམ་བརྒྱ་དང་སོ་གསུམ་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་གཉིས་དང་ལྔ་བརྒྱ་སོ་གཅིག་ཏུ་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་དགུ་བརྒྱ་གྱ་གཉིས་འཕར་ཡོད་ལ། བསྡོམས་པས་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ལྔ་བརྒྱ་བཅུ་བདུན་དུ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སུམ་བརྒྱ་དང་ཞེ་གསུམ་འཕར་ནས། བསྡོམས་པས་སྟོང་ལྔ་དང་བདུན་བརྒྱ་སོ་ལྔར་བསླེབ་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།