ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་ལྔར་བསླེབ་ལ་ཉེ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་རིམས་ནད་འགོག་བཅོས་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། འཇར་མན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བཞི་དང་བརྒྱད་བརྒྱ་སོ་བརྒྱད་ལ་འཕར་བ་དང་ ། སྔ་ཉིན་ལས་ནད་པ་སྟོང་གཅིག་དང་ཞེ་གསུམ་འཕར་ཡོད་ལ། ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཟེར། 

འཇར་མན་སྲིད་གཞུང་གིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་ནས་བཟུང་ཨོ་སི་ཁྲུ་རི་ཡཱ་དང་སུའེ་ཙེར། ཧྥ་རན་སི། ལུའུ་སིན་པའོ། ཏན་མག་བཅས་རྒྱལ་ཁབ་ལྔའི་བར་གྱི་མཐའ་མཚམས་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ཡིན། གལ་ཏེ་ལུགས་མཐུན་གྱི་རྒྱུ་མཚན་མེད་ན། གནས་སྐོར་བ་འགྲོ་འོང་བྱེད་དུ་འཇུག་མི་སྲིད་ཀྱང་། དངོས་ཟོང་སྐྱེལ་འདྲེན་དང་རྒྱལ་ཁོངས་བརྒལ་བའི་བྱ་བ་བྱེད་མཁན་ལ་གནོད་པ་ཐེབས་མི་སྲིད་ཟེར། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བསྟན་དོན། རིམས་ནད་འགོག་བཅོས་བྱེད་ཆེད། སྲིད་གཞུང་གིས་ཙུང་ལི་དང་ཙུང་ལི་གཞོན་པ། ནང་སྲིད་པུའུ་ཀྲང་། ཕྱི་འབྲེལ་བློན་ཆེན། འཕྲོད་བསྟེན་པུའུ་ཀྲང་། རྒྱལ་སྲུང་བློན་ཆེན་བཅས་ཀྱིས་གྲུབ་པའི་ནེ་ཀིའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ། མཉམ་དུ་འཇར་མན་མང་ཚོགས་ཀྱི་བདེ་འཇགས་དང་བདེ་ཐང་ལ་འབྲེལ་བའི་སྲིད་ཇུས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

འཇར་མན་གྱི་འཕྲོད་བསྟེན་པུའུ་ཀྲང་ཧྲི་ཕན་གྱིས་ཉིན་དེར་བསྟན་དོན། སྲིད་གཞུང་གིས་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱོད་སྲིད་ཀྱང་། རང་འདེམ་ཚོང་ར་དང་སྨན་ཁང་། དངུལ་ཁང་བཅས་ཀྱི་སྒོ་བརྒྱག་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།