ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ནད་པའི་ཤི་ཚད3%ལ་ཉེ་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ནན་ཧྲན། ཨ་རིའི་ནད་པའི་ཤི་ཚད3%ལ་ཉེ་བ་དེས་ད་དུང་ནད་པ་མང་པོ་ཞིག་རྙེད་མེད་པ་མཚོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན་གྱི་དུས་ཚོད19སྟེང་། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོར། ཡོན་ཧྲེ་ཀྲུང་ནན་ཧྲན་དང་སྨན་ཁང་གི་ནད་ལྕི་ལྟ་སྐྱོང་ཚོགས་པ་དང་ཨ་རིའི་ཧ་ཧྥོ་སློབ་ཆེན་གསོ་རིག་སློབ་གླིང་དང་ཨ་རིའི་ནད་ལྕི་ལྟ་སྐྱོང་ཐད་ཀྱི་ཆེད་མཁས་པའི་བར་ཕྱོགས་མང་པོའི་བརྙན་ལམ་སྦྲེལ་མཐུད་བྱས་ཏེ། རང་རྒྱལ་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་། ཁྱད་པར་དུ་ནད་གཞི་ལྕི་མོ་དང་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་ཐད་ཀྱི་ཉམས་མྱོང་དང་། སྨན་རྫས། སྨན་བཅོས་ཇུས་གཞི་སོགས་མཉམ་སྤྱོད་བྱས།

ཚོགས་འདུའི་སྟེང་། ཡོན་ཧྲེ་ཀྲུང་ནན་ཧྲན་ཚོགས་པས་ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་ནད་གཞི་ལྕི་མོ་དང་ཉེན་ཚབས་ཆེ་བའི་ནད་པའི་ནད་ཐོག་ཤེས་རྟོགས་དང་སྨན་བཅོས་ཀྱི་དཀའ་གནད་ངོ་སྤྲོད་བྱས་པ་དང་། དེའི་ནང་ཏོག་གསར་གློ་ཚད་ཕོག་པའི་ནད་པའི་གློ་བའི་འབྱར་ཁུ་དང་། དབུགས་ལམ་ཆུང་བའི་གནད་དོན། དེ་བཞིན་ཁིལ་ཁུན་བེད་སྤྱོད་བྱས་པའི་ཉམས་མྱོང་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་བྱས་པ་མ་ཟད། ཀྲུང་གོས་དུས་ཐུང་ནང་ཏོག་དབྱིབས་ནད་དུག་གསར་བ་ཞིབ་དཔྱད་ཚད་ལེན་དང་སྡེ་ཁུལ་དུ་གཅིག་སྡུད་རང་བཞིན་གྱི་ནད་དཔེ་སྔོན་འགོག་ཚོད་འཛིན་བྱས་པའི་ཉམས་མྱོང་དང་བསླབ་བྱ་མཉམ་སྤྱོད་བྱས་ཤིང་། ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ཐད་ནས་མཉམ་ལས་བྱ་རྒྱུའི་གྲོས་བསྡུར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་ཡོན་ཧྲི་ཀྲུང་ནན་ཧྲན་ཚོགས་པ་དང་ཧ་ཧྥོ་སློབ་ཆེན་གསོ་རིག་སློབ་གླིང་གི་བརྙན་ལམ་འབྲེལ་མཐུད་ཐེངས4པ་དེ་ཡིན། ཚོགས་འདུ་གྲོལ་རྗེས། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་མཉམ་ལས་ཀྱི་འཕེལ་རིམ་ངོ་སྤྲོད་བྱས།

ཀྲུང་ནན་ཧྲན། ཕར་བལྟས་ན་ང་ཚོས་ནད་གཞི་ལྕི་མོ་ཕོག་པའི་ནད་པ་དེ་དག་སྐྱོབ་བཅོས་བྱེད་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ང་ཚོའི་དབར་གྱི་ཧེ་བག་ཆེ་ཙམ་འདུག དེ་ཡིན་རྒྱུ་ནི་ང་ཚོར་དངོས་སུ་ཕྲད་ནས་ཟླ་གཉིས་ཙམ་སོང་བ་དང་། ཁོ་ཚོར་ད་དུང་ཕྲད་མྱོང་མེད་པའི་རྐྱེན་རེད། ཁོ་ཚོའི་རྨང་གཞིའི་ཞིབ་འཇུག་ཡག་པོ་བྱེད་ཐུབ་ཤས་ཆེ། དེར་བརྟེན། གནད་དོན་རེ་འགའ་ཚང་མས་བསམ་འཆར་བརྗེ་རེས་བྱེད་དགོས་ཀྱིན་འདུག

གསར་འགོད་པ། རྗེས་ཕྱོགས་འདི་ལྟ་བུའི་བརྙན་ལམ་སྤེལ་རེས་དེ་དུས་བཀག་ལྟར་བྱེད་དགོས་སམ།

ཀྲུང་ནན་ཧྲན། དུས་བཀག་ལྟར་ཡིན། ད་ལྟ་ཐེངས4ལ་བྱས་ཟིན། དོན་དངོས་ཐོག་ཨ་རིའི་ད་ལྟའི་ཤི་ཚད3%ལ་ཉེ་བ་དང་། 3%གྱི་ནང་དོན་ནི། ད་དུང་ནད་པ་མང་པོ་ཞིག་རྙེད་མེད་པས། ད་གཟོད་དེ་འདྲའི་མཐོ་བའི་ཤི་ཚད་བྱུང་བ་མཚོན། རྒྱུ་མཚན་ནི་ཝུའུ་ཧན་ཕུད་ཀྲུང་གོའི་ས་ཆ་གཞན་དག(ནད་ཕོག་ནས་ཤི་ཚད)དེ་ཙམ་མི་མཐོ། ཨ་རིར་དེ་འདྲའི་མཐོ་དོན(ཕལ་ཆེར)ནི་ནད་པ་མང་པོ་ཞིག་རྙེད་མེད་པ་དང་། ཁོ་ཚོས་འབྲེལ་བ་དམ་ཟབ་ཡོད་མཁན་དག་ལ་གྲལ་བཤེར་ནན་མོ་མ་བྱས་པས། ད་གཟོད་གནས་ཚུལ་དེ་འདྲ་བྱུང་བ་རེད། སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ། སྔ་མོ་ནས་ཤེས་ཏེ་ལོགས་སུ་དགར་རྒྱུ་ནི་དེ་བས་ཀྱང་གལ་ཆེ། ད་ཆ་རྒྱལ་ཁབ་མང་པོ་ཞིག་གིས་དེ་ལྟར་བྱེད་ཀྱིན་ཡོད་མོད། གོ་ལ་ཧྲིལ་བོས་དེ་ལྟར་མཉམ་ལས་བྱས་ཚེ། གཞི་ནས་ནད་ཡམས་ཚོད་འཛིན་སྔ་ཙམ་བྱེད་ཐུབ་ངེས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།