ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བཞི་ལས་བརྒལ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་ལས་བརྒལ་ནས་ཁྲི་བཞི་དང་སྟོང་བཞི་རེ་བདུན་དུ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྟོང་དྲུག་དང་བདུན་བརྒྱ་གསུམ་ཡིན་པ་དང་། བསྡོམས་པས་ཁྲི་བཞི་དང་སྟོང་བཞི་རེ་བདུན་དུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སུམ་བརྒྱ་དང་བཅུ་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་གཅིག་དང་བཞི་བརྒྱ་བཞི་བཅུར་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་བདུན་བརྒྱ་ཉེར་དགུ་འཕར་ཡོད་ལ། བསྡོམས་པས་འབུམ་གཅིག་དང་ཁྲི་གཉིས་སྟོང་ལྔ་ཞེ་བརྒྱད་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སུམ་བརྒྱ་དང་ཉེར་གཅིག་འཕར་ནས། བསྡོམས་པས་སྟོང་བཞི་དང་དྲུག་བརྒྱ་བཅུ་གསུམ་ལ་བསླེབ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།