ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གཉིས་ཉིན་གྲོས་ཆོད་གཉིས་ལྔ་གཅིག་བཞིར་གྲོས་འཆམ་བྱུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་འགན་ཡུན་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། 

གྲོས་ཆོད་ལས་སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ་ཆབ་སྲིད་གྲོས་མོལ་སྤེལ་དགོས་པ་དང་། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་མྱུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པས་ལས་འགན་ལག་བསྟར་བྱེད་པར་བར་ཆད་བཟོ་བའི་བྱ་སྤྱོད་མཚམས་འཇོག་དགོས་ལ། མི་ཆོས་རྒུད་སྐྱོབ་མི་སྣའི་བྱ་འགུལ་ལ་བར་ཆད་བཟོ་བའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན། གྲོས་ཆོད་ལས་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་ད་ཡོད་ཀྱི་དམག་དོན་དང་ཉེན་རྟོག་པའི་མི་གྲངས་སྲུང་འཛིན་བྱེད་རྒྱུ་ཐག་བཅད་ཀྱང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་དེའི་བདེ་འཇགས་གནས་ཚུལ་ལ་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད། 

སུའུ་ཏན་ལྷོ་མས་ཟླ་སྔོན་མར་བར་བརྒལ་མཉམ་འབྲེལ་སྲིད་གཞུང་བཙུགས་ཏེ། དུས་ཡུན་ཟླ་ངོ་སོ་དྲུག་རིང་གི་ཆབ་སྲིད་བར་བརྒལ་དུས་སྐབས་དངོས་སུ་མགོ་བརྩམས། གྲོས་ཆོད་དེ་ལས་སུའུ་ཏན་ལྷོ་མའི་ཞི་བདེའི་འཕེལ་རིམ་ཁྲོད་བྱུང་བའི་མི་སེམས་འགུལ་བར་བྱེད་པའི་གྲུབ་འབྲས་དང་། ཕྱོགས་སོ་སོས་བཏོན་པའི་ཆབ་སྲིད་རེ་འདུན། འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བར་གྱི་ཆབ་སྲིད་དྲག་ཤུགས་ཇེ་ཉུང་དུ་སོང་བའི་རྣམ་པ་བཅས་ལ་དགའ་བསུ་བྱེད་བཞིན་ཡོད་ཟེར། 

སུའུ་ཏན་ལྷོ་མ་ཉིས་སྟོང་བཅུ་གཅིག་ལོར་སུའུ་ཏན་དང་བྲལ་ནས་རང་བཙན་བྱས་པ་དང་། ཟླ་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པ་བཀོད་སྒྲིག་བྱེད་རྒྱུ་ཐག་བཅད་པ་རེད། དེའི་རྗེས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་འགར་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།