དབྱི་ཐཱ་ལེ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་རེ་གཉིས་ལ་འཕར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་རེ་གཉིས་ལ་བསླེབ་ཡོད་ཟེར། 

ཉིན་དེའི་དགོང་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་གཉིས་དང་སུམ་བརྒྱ་བཅུ་གསུམ་འཕར་བ་དང་། ཉིན་དེར་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གོ་དྲུག་ཡོད་ལ། རིམ་རྩིས་ཀྱིས་ནད་པ་བརྒྱད་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར། རིམ་རྩིས་ཀྱིས་ནད་པ་སྟོང་གཅིག་དང་ཞེ་ལྔ་དྲག་སྐྱེད་བྱུང་ཡོད་པ་རེད། 

པའོ་ལོས་ལེ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁྲོད་བརྒྱ་ཆའི་གཉིས་ཙམ་ནི་ལོ་ལྔ་བཅུ་ནས་དྲུག་ཅུའི་བར་ཡིན་པ་དང་། དེ་ལས་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པ་ཚང་མ་ལོ་དྲུག་ཅུའི་ཡན་རེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།