ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་པུའུ་ཀྲང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་པུའུ་ཀྲང་གིས་ཚེས་བཅུ་གཅིག་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཉམ་དུ་འབད་བརྩོན་བྱས་ནས། རིམས་ནད་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་སྔར་ལས་ལྷག་པའི་ཤུགས་རྐྱེན་ངན་པ་འབྱུང་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས། 

བསྒྲགས་པ་ལྟར་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་པུའུ་ཀྲང་གིས་གསལ་སྒྲོག་ནང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། རིམས་ནད་ལས་དཔལ་འབྱོར་ཐད་ཤུགས་རྐྱེན་ངན་པ་ཐེབས་པ་དང་། གནས་སྐོར་ལས་རིགས་དང་བཟོ་སྐྲུན་ལས་རིགས། ཕྱིར་འཚོང་ལས་རིགས། དེ་མིན་ཞབས་ཞུའི་ལས་རིགས་གཞན་པ་བཅས་ལ་གནོད་པ་ཐེབས་ཡོད་པར་མ་ཟད། མཁོ་འདོན་མུ་འབྲེལ་དང་དངུལ་ལོར་ཚོང་རར་གནོད་པ་ཐེབས་ཡོད་ཟེར། གསལ་སྒྲོག་ལས་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་སྔར་ལས་ལྷག་པའི་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་པུའུ་ཀྲང་གིས་གཅིག་གྱུར་དུ་བལྟས་ན། རྒྱལ་ཁོངས་བརྒལ་བའི་བྱ་འགུལ་ལ་ཚོད་འཛིན་བྱེད་པའི་ཐབས་ཇུས་དེས་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་བསམ་བློ་གཏོང་དགོས་པ་དང་། ས་ཁོངས་ཀྱི་ཉོ་ཚོང་ཐད་དགོས་མེད་ཀྱི་བཀག་རྒྱ་བཟོ་མི་རུང་བར་འདོད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཐུན་མོང་འགུལ་སྐྱོད་སྤེལ་ཏེ་རིམས་ནད་ལས་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་ཞི་འཇགས་སུ་གཏོང་བར་ཡིད་འཐད་བྱུང་བ་དང་། བྱེད་ཐབས་སྤྱད་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་རའི་སྒོ་འབྱེད་སྲུང་འཛིན་བྱེད་པ་དང་། ས་ཁུལ་གྱི་བརྡ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ལག་རྩལ་དང་གྲངས་ལྡན་ཉོ་ཚོང་གི་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་ལ་རོགས་རམ་བྱེད་དགོས་པ་དང་། མཁོ་འདོན་མུ་འབྲེལ་གྱི་བབ་བསྟུན་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། ཕྱི་ཕྱོགས་གྲོགས་པོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པར་མ་ཟད། ཚོང་རྫས་དང་དངོས་ཟོང་དག་མཁོ་འདོན་མུ་འབྲེལ་སྟེང་བདེ་བླག་ངང་འཁོར་རྒྱུག་བྱེད་པར་བཀག་རྒྱ་བཟོ་བའི་སྒོ་ཁྲལ་མ་ཡིན་པའི་བཀག་རྒྱ་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།