ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་རང་གི་མངའ་ཁོངས་སུ་ཡོང་བའི་ཞི་ལཱའི་ཡུལ་ཁོངས་བརྒྱུད་པའི་ཡུལ་གྱར་བའི་བྱིས་པ་དང་ལེན་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་སྲིད་འཛིན་ཏང་ཁག་གཉིས་ཀྱིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཆོད་དོན་སྤེལ་ཏེ། ཉེ་སྔོན་ཐུར་ཁེ་ནས་ཞི་ལཱའི་ཡུལ་ཁོངས་བརྒྱུད་པའི་ཡུལ་གྱར་བའི་བྱིས་པ་དང་ལེན་བྱེད་རྒྱུ་མ་ཟད། ཞི་ལཱ་ཡིས་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་མཐའ་མཚམས་སྲུང་བའི་ཐད་རོགས་རམ་བྱེད་རྒྱུ་ཐག་བཅད། 

མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ད་ལྟ་ཞི་ལཱའི་གླིང་ཕྲན་སོ་སོའི་སྟེང་བཀོད་སྒྲིག་བྱས་ཡོད་པའི་ཡུལ་གྱར་བ་དག་མི་ཆོས་རིང་ལུགས་ཀྱི་གནས་བབ་ཛ་དྲག་ལ་འཕྲད་ཡོད་པ་དང་། ཁྱད་པར་དུ་དེའི་གྲས་སུ་བྱིས་པ་སྟོང་གཅིག་དང་ལྔ་བརྒྱ་ཙམ་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དོན་དེའི་ཐད་ནས་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་སོས་རང་མོས་མནའ་མཐུན་ཞིག་རྩ་འཛུགས་བྱས་ཏེ་བྱིས་པ་དེ་དག་བགོ་བཤའ་བྱེད་རྒྱུ་ཡིན་ལ། འཇར་མན་གྱིས་བྱིས་པའི་ཁ་གྲངས་འོས་འཚམ་ཞིག་དང་ལེན་བྱེད་རྩིས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཞི་ལཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཅིང་། འཇར་མན་གྱིས་དོན་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཞི་ལཱ་ཡིས་ཐུར་ཁེའི་མཐའ་མཚམས་བརྒྱུད་དེ་རང་གི་མངའ་ཁོངས་སུ་ཡོང་བའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་པར་ཡང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།