མཉམ་དུ་རིམས་འགོག་བྱས་ཏེ་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་མཉམ་ལས་གཏིང་ཟབ་ཆེད་སྒུལ་ནུས་གསར་པ་འདོན་རྒྱུ་ཡིན་པ།

—— ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའི་དྲུང་ཆེ་གཞོན་པ་ཚའོ་ཅིང་ལ་བཅར་འདྲི་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའི་དྲུང་ཆེ་གཞོན་པ་ཚའོ་ཅིང་གིས་ཉེ་ཆར་ཧན་གོའི་ཧྲོའར་དུ་བསྟན་དོན། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱིས“ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས”ཀྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཏེ་མཉམ་དུ་རིམས་འགོག་བྱས་ནས་རྒྱལ་ཁབ་གསུམ་གྱི་མཉམ་ལས་གཏིང་ཟབ་ཆེད་སྒུལ་ནུས་གསར་པ་འདོན་སྤེལ་བྱ་རྒྱུ་རེད།

ཚའོ་ཅིང་གིས་ཀྲུང་གོའི་སྨྱན་སྦྱོར་ཚན་པ་མང་པོའི་མཉམ་འབྲེལ་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་དོན། རིམས་ནད་ཀྱི་འགྲན་སློང་མདུན་དུ་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་འགོ་ཁྲིད་མི་སྣ་དང་ཕྱི་འབྲེལ་དཔོན་གྱིས་ཁ་པར་དང་། འཚམས་འདྲི། མཇལ་འཛོམས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་རིམས་ནད་འགོག་རྒོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་བསམ་འཆར་བརྗེ་རེས་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རི་པིན་དང་ཧན་གོའི་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་རོགས་སྐྱོར་བྱས་ཤིང་། རི་པིན་དང་ཧན་གོར་སྨན་སྤྱོད་དངོས་ཟོག་དཀོན་པར་དམིགས་ཏེ་ཀྲུང་གོས་རང་ངོས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ནད་དུག་ཉིང་སྐྱུར་བཤེར་འཇལ་ཚོད་སྒམ་དང་ཁ་རས་སོགས་དངོས་ཟོག་འཕྲལ་དུ་མཁོ་འདོན་བྱས་ཡོད། “རི་ཀླུང་བར་ཐག་མང་པོ་ཆོད། དཀའ་ངལ་མཉམ་སེལ་འདུན་པ་གཅིག”ཅེས་པ་དེ་མཉམ་ལས་ཀྱི་མཛེས་ལྗོངས་ལྟ་བུར་་གྱུར་ཡོད།

ཁོང་གིས“རྒྱལ་ཁབ་གསུམ་པོའི་མི་དམངས་ཀྱིས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟར་དང་བརྩེ་སེམས་འཆང་རེས་བྱས་ཏེ་མཉམ་དུ་རིམས་ནད་འགོག་རྒོལ་དང་། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་། ས་ཁུལ་གྱི་འཕྲོད་བསྟེན་བདེ་འཇགས་ལ་སྐུལ་འདེད་བཅས་ཀྱི་འགྱུར་མེད་བརྡ་རྟགས་ཤིག་བཏང་ཡོད”ཅེས་བརྗོད།

ཚའོ་ཅིང་གིས“2020ལོ་ནི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་མཉམ་ལས་ཀྱི་ལོ་བཅུ་པ་གསུམ་པའི་འགོ་འཛུགས་ཀྱི་ལོ་ཞིག་ཡིན་ཞིང་། རྒྱལ་ཁབ་གསུམ་པོས་ན་ནིང་ལོ་མཇུག་ཏུ་ཁྲེང་ཏུའུ་རུ་འཚོགས་པའི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུའི་ཐོག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ་མཉམ་ལས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྣོན་བཞིན་ཡོད”ཅེས་བརྗོད།

ཁོང་གིས་རིམས་ནད་ཀྱིས་རྒྱལ་ཁབ་གསུམ་པོའི་དཔལ་འབྱོར་འཕེལ་རྒྱས་དང་། མི་སྣ་འགྲོ་འོང་། མཉམ་ལས་བྱེད་ཐབས་བཅས་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་བཟོས་ཡོད། འོན་ཀྱང་ཤུཌ་རྐྱེན་དེ་དག“གནས་སྐབས་དང་། ཚད་ཡོད། ཁ་གསབ་བྱེད་ཐུབ་པ”བཅས་རེད། “རིམས་ནད་མཇུག་འགྲིལ་རྗེས་རྒྱལ་ཁབ་གསུམ་པོའི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་མགྱོཌ་མྱུར་ཆེ་རུ་དང་མཉམ་ལས་ཀྱི་བར་མཐོངས་སྔར་བས་ཆེ་རུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་བརྗོད

ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ནི་2011ལོར་བཙུགས་ཤིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གསུམ་པོའི་དབར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།