ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུཊ་ཀྱིས་ཉེན་བརྡ་གསར་པ་བཏང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་རིའི་གྲུ་གཟིངས་ཤིག་ལ་རིམས་ནད་ཐོན་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུཊ་ཀྱིས་ཉེན་བརྡ་གསར་པ་བཏང་བ།

ས་གནས་དེ་གའི་ཟླ་3ཚེས་5ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་གསར་ཤོས་ཀྱི་ཉིན་རེའི་སྙན་ཞུ་སྤེལ་ཡོད་ཅིང་། ཡོ་རོབ་དབུས་རྒྱུད་ཀྱི་ཟླ་3ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་བར། (པེ་ཅིང་གི་ཆུ་ཚོད་17)ཀྲུང་གོ་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་85ལ་ཏོག་གསར་གློ་ཚད་ཀྱི་ནད་འགོས་པའི་ནད་པ་14768བྱུང་ཡོད་ཅིང་། ཁྱོན་བསྡོམས་མི་267རྐྱེན་ལམ་དུ་ཤོར་ཡོད། ཉིན་སྔོན་མའི་སྙན་ཞུ་དང་བསྡུར་ན། ཀྲུང་གོ་ཕུད་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ཏུ་ཏོག་གསར་གློ་ཚད་ཀྱི་ནད་པ་2098མང་དུ་ཕྱིན་ཡོད་པ་དང་། ཏོག་གསར་གློ་ཚད་བྱུང་བའི་རྒྱལ་ཁབ་དང་ མངའ་ཁོངས། ས་ཁུལ(པོ་ཧེར། ཀྲི་པུའུ་ལུའོ་ཐོ། ཧང་ག་རི། སི་ལོ་ཝེ་ཉི་ཡ། གཞན་གྱིས་བཟུང་བའི་ཕ་ལི་སི་ཐན་གྱི་མངའ་ཁོངས)བཅས་5མང་དུ་ཕྱིན་ཡོད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་མུ་མཐུད་མཆེད་པ་དང་བསྟུན། འདས་ཟིན་པའི་ཉིན་གཅིག་རིང་། ལྷོ་ཁོ་རེ་ཡ་དང་དབྱི་ཊ་ལི། དབྱི་རན་སོགས་རྒྱལ་ཁབ་མང་པོའི་གསར་དུ་གཏན་འཁེལ་བྱས་པའི་ནད་པ་མུ་མཐུད་མང་དུ་ཕྱིན་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་ཅིག་གིས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་འདང་ངེས་མིན་ཞེས་བཤད་འདུག

ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་5ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རི་ནེ་ཝར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྐོར་གྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། གོ་ལ་ཧྲིལ་པོའི་རིམས་ནད་གནས་ཚུལ་ངོ་སྤྲོད་བྱས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་རྒྱལ་ཁབ་ཁག་ཅིག་གིས་ཏོག་གསར་གློ་ཚད་ལ་མཐོང་ཆེན་དང་གྲ་སྒྲིག་འདང་ངེས་བྱས་མེད་པ་མ་ཟད།  རིམས་ནད་དེ་རྒྱལ་ཁབ་སྔར་བས་མང་པོར་མཆེད་ཡོད་པ་དང་།  ལྷག་པར་དུ་འཕྲོད་བསྟེན་མ་ལག་ཅུང་ཞན་པའི་རྒྱལ་ཁབ་ནད་དུག་གི་ཉེན་ཁར་འཕྲད་ཡོད་པས་སེམས་ཁྲལ་བྱེད་དགོས་པའི་གནས་སུ་ལྷུང་ཡོད་ཅེས་བརྗོད་འདུག

དེ་དང་དུས་མཚུངས་སུ་ཐན་ཏེ་སའེ་ཡིས་མིག་སྔར་འཛམ་གླིང་གི་རྒྱལ་ཁབ་115ལ་ཏོག་གསར་གློ་ཚད་ཀྱི་ནད་པ་བྱུང་མེད་པ་དང་། རྒྱལ་ཁབ་21ལ་ནད་པ་གཅིག་ལས་བྱུང་མེད་ཅེས་དང་།  འདས་ཟིན་པའི་ཉིན་14ནང་ཏོག་གསར་གློ་ཚད་ཐོན་པའི་རྒྱལ་ཁབ་5ཡིས་རིམས་ནད་ཐོན་པའི་གནས་ཚུལ་གོང་ཞུ་བྱས་མེད་ཅིང་། རྒྱལ་ཁབ་དེ་དག་དང་ཀྲུང་གོའི་ཉམས་མྱོང་ལ་བལྟས་ན། རིམས་ནད་ནི་ལྡོག་ཐབས་མེད་པ་ཞིག་ཀྱང་མ་ཡིན་ཞེས་བཤད་ཡོད་པ་དང་། ཁོང་གིས་ཏོག་གསར་གློ་ཚད་ནི་རྒྱལ་ཁབ་ཚང་མར་མཚོན་ན་འཇིགས་ཉེན་ཆེ་བ་ཞིག་ཡིན་པས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་སྡེ་ཚན་ཁག་ཚང་མར་མཐུན་སྦྱོར་བྱས་ཏེ་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་ཡོད།

ཡང་གྲུ་གཟིངས་ཤིག་སྟེ། ཨ་རིའི་མཆོག་གྱུར་སྲས་མོ་རྟགས་ཅན་གྱི་གྲུ་གཟིངས་ཐོག་རིམས་ནད་ཐོན་འདུག

ཨ་རིའི་ཁཱ་ལི་ཧྥོར་ཉེ་ཡ་མངའ་སྡེའི་འཕྲོད་བསྟེན་སྡེ་ཚན་གྱི་ལས་དོན་པས་ཚེས་4ཉིན་བསྟན་པར། ཉིན་དེར་མངའ་སྡེ་དེར་ཐོན་པའི་ཏོག་གསར་གློ་ཚད་ཀྱིས་འདས་པའི་ནད་པ་ཐོག་མ་དེ་དེ་སྔོན་མཆོག་གྱུར་སྲས་མོ་རྟགས་ཅན་གྱི་སྦྲག་སྐྱེལ་གྲུ་གཟིངས་ནང་བསྡད་མྱོང་བ་དང་། གྲུ་གཟིངས་ཐོག་གི་མི་21ལ་ཏོག་གསར་གློ་ཚད་འགོས་ཡོད།

འགྲུལ་བཞུད་པ་དང་གྲུ་པ་3000ལྷག་ཙམ་ཡོད་པའི་སྦྲག་སྐྱེལ་གྲུ་གཟིངས་དེ་མཚོ་ཐོག་ཏུ་ལུས་ཡོད་པ་དང་། དེ་སྔོན། སྦྲག་སྐྱེལ་གྲུ་གཟིངས་དེར་བསྡད་མྱོང་མཁན་གྱི་འགྲུལ་བཞུད་པ་གཉིས་ལ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་ཡོད་ཅིང་། དེ་གཉིས་ལས་གཅིག་རྐྱེན་ལམ་དུ་ཤོར་ཡོད། མིག་སྔར་ས་གནས་དེ་གའི་འཕྲོད་བསྟེན་ལས་དོན་པས་གྲུ་གཟིངས་ཐོག་གི་མིར་ཞིབ་དཔྱད་ཚད་ལེན་བྱེད་འགོ་ཚུགས་ཡོད།

མཆོག་གྱུར་སྲས་མོ་རྟགས་ཅན་དང་ཕ་ལམ་སྲས་མོ་རྟགས་ཅན་གཉིས་ག་འཛམ་གླིང་གི་སྤྲོ་གསེང་སྤྱི་གཉེར་ཁང་ཆེ་ཤོས་ཏེ་ཅ་ཉན་ཧྭ་ཚོགས་པའི་ཡིན་ཞིང་།  ཚོགས་པ་འདིའི་སྤྱི་ཁྱབ་ལས་ཁུངས་ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེ་རུ་ཡོད།

སྙན་ཞུ་ལྟར་ན་ཨ་རི་ཡོངས་ལ་མ་མཐའ་ཡང་ནད་པ་197བྱུང་ཡོད།

ས་གནས་དེ་གའི་ཟླ་3ཚེས་5ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བར་(CNN)སྤེལ་བའི་གནས་ཚུལ་ལྟར་ན། ཐེན་ན་ཤིས་མངའ་སྡེ་རུ་ནད་པ་ཐོག་མ་དེ་ཐོན་ཡོད།  

ས་གནས་དེ་གའི་ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། ཉིའུ་ཡོག་མངའ་སྡེའི་འགན་འཛིན་ཁེ་མོས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཉིན་དེར་ཉིའུ་ཡོག་ཏུ་ནད་པ་གསར་པ་འགའ་ཐོན་ཡོད་པ་དང་། མིག་སྔར་ཉིའུ་ཡོག་མངའ་སྡེ་རུ་ཁྱོན་བསྡོམས་ནད་པ་22ཐོན་ཡོད་སྐོར་བརྗོད་འདུག

ཡུའེ་ཧན་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཕྱོགས་བསྒྲིགས་བྱས་པའི་གྲངས་གཞི་ལྟར་ན། ཨ་རིར་ཉུང་མཐར་ཡང་ནད་པ་197ཐོན་ཡོད།

ས་གནས་དེ་གའི་ཟླ་3ཚེས་5ཉིན། ཨ་རིའི་གྲོས་ཁང་གོང་མས་ཨ་སྒོར་དུང་ཕྱུར་83ཟིན་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ལ་གཏོང་རྒྱུའི་བྲེལ་མྱུར་དངུལ་གཏོང་ཁྲིམས་གཞི་ཞིག་ལ་གྲོས་འཆམ་བྱས་ཡོད་ཅིང་།  ཁྲིམས་གཞི་དེ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ལ་ཕུལ་ཟིན་ཡོད་པ་དང་། སྔོན་དཔག་བྱས་ན་ཁོང་གིས་མྱུར་དུ་ཁྲིམས་གཞི་དེར་མིང་རྟགས་འགོད་རྒྱུ་རེད།

ཨ་རིའི་རྒྱལ་ནང་གི་ཏོག་གསར་གློ་ཚད་ཀྱི་ནད་པ་རྒྱུན་མཐུད་ངང་མང་དུ་ཕྱིན་པའི་ཤུགས་རྐྱེན་འོག ས་གནས་དེ་གའི་ཚེས་5ཉིན། ཨ་རིའི་མ་རྐང་ཁྲོམ་ར་ཆེས་ཆེར་མར་ཆག་པ་དང་། ཉིན་དེའི་མ་རྐང་ཁྲོམ་ར་མཇུག་བསྡུ་བའི་བར། ཏའོ་ཆོན་སིའི་བཟོ་ལས་ཀྱི་ཆ་སྙོམས་སྟོན་གྲངས་དང་། ན་སི་ཏ་ཁེ་ཕྱོགས་བསྡུས་སྟོན་གྲངས། པིའོ་ཕུའུ་500ཡི་སྟོན་གྲངས་བཅས་ཚང་མ་ཆག་ཚད་བརྒྱ་ཆ་3ལས་བརྒལ་བ་དང་། དེའི་ནང་ཏའོ་ཆོན་སིའི་སྟོན་གྲངས་ཚེག་1000ཙམ་ཆག་པ་དང་ཆག་ཚད་3.6%ཟིན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།