ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གསུམ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200306094005gHdM.jpg

ཟླ་གསུམ་པའི་ཚེས་བཞི་ཉིན། དབྱི་ཐཱ་ལེའི་རོ་མཱའི་གཅན་གཟན་འཐབ་རའི་ཉེ་འདབས་སུ། གནས་སྐོར་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཏུ་འགྲུལ་བ་རེ་འགའ་ལས་མེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་སྲིད་གཞུང་གིས་སྤེལ་བའི་གཞི་གྲངས་ལྟར་ན། ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྟོང་གསུམ་ལས་བརྒལ། རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་ཆེད། དབྱི་ཐཱ་ལེའི་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་ལྔ་ཉིན་ནས་ཟླ་གསུམ་པའི་ཟླ་དཀྱིལ་བར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མའི་སྒོ་བརྒྱབ་ནས་སློབ་གསོའི་བྱ་འགུལ་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད། 

དབྱི་ཐཱ་ལེའི་སྤྱི་དམངས་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་། ཏོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བཞི་ཉིན་མཚམས་སྦྱོར་བྱས་པ་ལྟར་ན། ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར་དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གསུམ་དང་གྱ་དགུར་བསླེབ་ཡོད་པ་དང་། སྔ་ཉིན་ལས་ནད་པ་ལྔ་བརྒྱ་དང་གྱ་བདུན་འཕར་ཡོད། རིམ་རྩིས་ཀྱིས་ནད་པ་ཉིས་བརྒྱ་དང་དོན་དྲུག་དྲག་སྐྱེད་བྱུང་ཡོད་ལ། ནད་པ་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར་ཟེར། 

དབྱི་ཐཱ་ལེའི་སློབ་གསོའི་པུའུ་ཀྲང་ཨ་ཙོ་ལེ་ནཱ་ཡིས་ཉིན་དེར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། དབྱི་ཐཱ་ལེའི་སློབ་གྲྭ་ཚང་མ་ཟླ་གསུམ་པའི་ཚེས་ལྔ་ཉིན་ནས་ཚེས་བཅོ་ལྔའི་བར་སྒོ་བརྒྱག་རྒྱུ་ཡིན་ལ། རིམས་ནད་ཀྱི་འགོ་ཚད་འགྱུར་སླ་བར་དམིགས་ཏེ་ང་ཚོས་སྔོན་འགོག་བྱེད་ཐབས་སྤྱོད་རྒྱུ་ཐག་བཅད་པ་ཡིན་པ་དང་། སྲིད་གཞུང་ལ་མཚོན་ན་རྒྱལ་ཡོངས་ནས་སློབ་གསོའི་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་ཏུ་འཇུག་པ་ལས་སླ་མོ་ཞིག་མིན་ཟེར། 

དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་འགྲེལ་བཤད་བྱས་དོན། མིག་སྔར་རྒྱལ་ཡོངས་ཀྱིས་སྟོབས་ཤུགས་གཅིག་བསྡུ་བྱས་ཏེ་བྱེད་ཐབས་གང་རུང་སྤྱད་ནས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་དགོས། དབྱི་ཐཱ་ལེའི་མཐོ་རིམ་འཕྲོད་བསྟེན་ཞིབ་འཇུག་ཁང་གི་ཀྲུའུ་ཞི་པུའུ་ལུའུ་སཱ་ཧྥེ་ལོ་དང་གྲོས་མོལ་བྱས་པ་བརྒྱུད། སྲིད་གཞུང་གིས་གནས་སྐབས་སུ་སློབ་གསོའི་བྱ་འགུལ་ཡོད་ཚད་མཚམས་འཇོག་ཏུ་འཇུག་རྒྱུ་ཐག་བཅད་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།