ཅིན་ཀྲིན་ཨིན་གྱིས་ཝུན་ཙེ་ཡུན་ལ་འཕྲིན་ཡིག་བསྐུར་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཐད་ནས་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ལྔ་ཉིན་བཤད་རྒྱུར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་ཚེས་བཞི་ཉིན་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་དངོས་སུ་བྲིས་པའི་འཕྲིན་ཡིག་འབྱོར་བ་དང་། ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ལས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་བཞིན་པའི་ཧན་གོའི་རྒྱལ་དམངས་ལ་འཚམས་འདྲི་ཞུས་ཡོད། 

ཙུང་ཐུང་བཞུགས་ཤག་གི་རྒྱལ་དམངས་འབྲེལ་འདྲིས་ཀྱི་དབུ་བཞུགས་དྲུང་ཡིག་ཆེན་མོ་ཡུན་ཏའོ་ཧན་གྱིས་ཉིན་དེའི་ཕྱི་དྲོར་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ལས་བསྟན་དོན། ཧན་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་རྒྱལ་ཁ་ལོན་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན་པར་མ་ཟད། ཧན་གོའི་རྒྱལ་དམངས་ཀྱི་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ལས་བཤད་རྒྱུར། ཝུན་ཙེ་ཡུན་གྱིས་རིམས་ནད་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཁོ་ལ་སྔོན་དང་འདྲ་བའི་བརྩེ་བ་དང་ཡིད་ཆེས་བཅངས་ཡོད་ཟེར། 

དངོས་བྲིས་འཕྲིན་ཡིག་ནང་དུ་ཅིན་ཀྲིན་ཨིན་གྱིས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དང་འབྲེལ་བའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་བྱས་ཡོད། ཝུན་ཙེ་ཡུན་གྱིས་ཚེས་ལྔ་ཉིན་ཅིན་ཀྲིན་ཨིན་ལ་འཕྲིན་ལན་བསྐུར་ནས་བཀའ་དྲིན་ཞུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།