ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གསུམ་དང་ལྔ་བརྒྱ་བཅུ་གསུམ་ལ་འཕར་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གིས་ཚེས་ལྔ་ཉིན་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གསུམ་དང་ལྔ་བརྒྱ་བཅུ་གསུམ་ལ་འཕར་ཡོད་པ་ཁྱབ་སྒྲོག་བྱས། ཉིན་དེར་དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཁབ་ཀྱི་སྐུལ་སློང་འཆར་གཞི་ལག་བསྟར་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

དབྱི་ལིང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ནཱ་མཱ་ཅི་ཡིས་ཉིན་དེར་བཤད་རྒྱུར། འཆར་གཞི་དེ་སྔོན་ལ་རིམས་ནད་ཚབས་ཆེ་བའི་ས་ཁུལ་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་རྗེས་ཀྱི་ཉིན་འགའི་ནང་ས་ཁུལ་གཞན་པར་རྒྱ་བསྐྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། འཆར་གཞི་དེ་ལྟར་ན། དོགས་ཡོད་ནད་པས་སྨན་བཅོས་ལས་ཁུངས་ནས་བརྟག་དཔྱད་བྱེད་པ་དང་། བརྟག་དཔྱད་མཇུག་འབྲས་ལས་ནད་པར་ངོས་བཟུང་ན་རང་ཁྱིམ་དང་ཁ་མི་འབྲལ་བར་བྱེད་རྒྱུ་མ་ཟད། སྨན་རྫས་དང་བེད་སྤྱོད་གསལ་བཤད་འབྱོར་སྲིད། འཆར་གཞི་དེར་དབྱི་ལིང་གི་གྲོང་ཁྱེར་དང་གྲོང་ཁྱེར་ཉེ་འདབས། ཞིང་སྡེ་བཅས་ཀྱི་འཕྲོད་བསྟེན་ལྟེ་གནས་ཁྲི་གཅིག་དང་སྟོང་བདུན་ཙམ་དང་སྨན་བཅོས་ལྟེ་གནས་སྟོང་དགུ་འདུས་ཡོད་ཟེར། 

ནཱ་མཱ་ཅི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། གཟའ་འཁོར་འགའི་ནང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་ནད་དུག་བརྟག་དཔྱད་བྱེད་པའི་སྨན་བཅོས་ལས་ཁུངས་ཉེར་གཉིས་ལ་བསླེབ་སྲིད་པ་དང་། ཚོད་དཔག་བྱས་ན་གཟའ་འཁོར་རྗེས་མར་སྨན་བཅོས་ལས་ཁུངས་བཞི་བཅུར་བསླེབ་སྲིད་ལ། ཆེད་ལས་སྨན་བཅོས་མི་སྣས་རིམས་ནད་ཚབས་ཆེ་བའི་གྲོང་ཁྱེར་གྱི་འགྲོ་འོང་ལམ་ཁ་ནས་བརྟག་དཔྱད་ས་ཚིགས་འཛུགས་རྒྱུ་རེད། 

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་ལྔ་ཉིན་གྱི་སྔ་དྲོའི་བར་དབྱི་ལིང་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་སྟོང་གསུམ་དང་ལྔ་བརྒྱ་བཅུ་གསུམ་ལ་འཕར་བ་དང་། དེའི་ནང་མི་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར། རིམས་ནད་བྱུང་བའི་ཚུན་ལ། དབྱི་ལིང་སྲིད་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། འགོག་བཅོས་ཚོད་འཛིན་ཤུགས་ཚད་ཇེ་ཆེར་བཏང་སྟེ་རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།