ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་འབྲེལ་ཡོད་མི་སྣས་ཚེས་བཞི་ཉིན་བཤད་རྒྱུར། བདེ་འཇགས་དམག་དཔུང་དང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཚེས་གསུམ་ཉིན་ས་ཁུལ་མང་བོ་ནས་འཁྲུག་རྩོད་བྱས་ཏེ། བདེ་འཇགས་དམག་དཔུང་གི་དམག་མི་བཅུ་གཉིས་དང་ཉེན་རྟོག་པ་བདུན་རྐྱེན་ལམ་དུ་ཤོར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལའང་ལ་ཤི་རྨས་བྱུང་ཡོད་ཀྱང་བྱེ་བྲག་གི་མི་གྲངས་གསལ་བོར་མི་ཤེས་ཟེར།
ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་གྲོས་མི་ཅཱ་ཝ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་གསུམ་ཉིན་གྱི་དགོང་མོར་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁོན་ཏུའུ་ཧྲིའི་བྱང་ངོས་ཀྱི་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཞིར་རྨས་ཕོག་ཟེར།
ཁོན་ཏུའུ་ཧྲི་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་དཔོན་པོ་ཡཱ་ཞིན་གྱིས་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེའི་དགོང་མོར་ཁོན་ཏུའུ་ཧྲི་གྲོང་ཁྱེར་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་བཞི་རྐྱེན་ལམ་དུ་ཤོར་ཟེར།
དེ་ལས་གཞན་ཁོན་ཏུའུ་ཧྲི་ཞིང་ཆེན་དང་འདབས་འབྲེལ་དུ་ཡོད་པའི་པཱ་ཨར་ཧི་ཞིང་ཆེན་གྱི་དཔོན་པོ་ཀུའུ་ལེ་པཱ་ཙི་ཧན་གྱིས་གསར་འགོད་པར་བཤད་རྒྱུར། ས་དེའི་ཉེན་རྟོག་པ་དང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བར་ཚེས་གསུམ་ཉིན་འཁྲུག་རྩོད་བྱུང་སྟེ་ཉེན་རྟོག་པ་གསུམ་རྐྱེན་ལམ་དུ་ཤོར་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨ་ཧྥུའུ་ཧན་གྱི་ས་ཁུལ་མང་བོར་འཁྲུག་རྩོད་བྱུང་སྟེ་བདེ་འཇགས་དམག་དཔུང་གི་དམག་མི་དང་ཉེན་རྟོག་པ་བཅུ་དགུ་རྐྱེན་ལམ་དུ་ཤོར།