ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རིམས་ནད་སྔར་བཞིན་རྒྱ་ཡན་དུ་འགྲོ་བཞིན་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས3ཉིན་ནས་ཚེས4ཉིན་བར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་སྙན་ཞུ་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་མུ་མཐུད་དུ་ཇེ་མང་ལ་སོང་། 

ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཚེས་བཞིའི་ཉིན་སྤེལ་བའི་གནས་ཚུལ་གསར་བ་ལྟར་ན། ཚེས་གསུམ་ཉིན་གྱི་ནམ་གུང་ནས་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཧན་གོ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བརྒྱད་བརྒྱ་དང་དགུ་ཇེ་མང་དུ་སོང་བ་དང་། ནད་པ་བཞི་རྐྱེན་ལམ་དུ་ཤོར། ནད་པ་བདུན་དྲག་སྐྱེད་བྱུང་། རིམ་རྩིས་ཀྱིས་ནད་པ་སྟོང་ལྔ་དང་དྲུག་བརྒྱ་ཉེར་གཅིག་ལ་འཕར་ཡོད། མིག་སྔར་ཧན་གོའི་ནད་ངོས་འཛིན་བྱས་པའི་ནད་པའི་ཁྲོད་རིམ་རྩིས་ཀྱིས་ནད་པ་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་ཞེ་གཅིག་དྲག་སྐྱེད་བྱུང་། 

ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་བར། འཇར་པན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྟོང་གཅིག་དང་སོ་ལྔར་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཤོར། 

རྒྱ་གར་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་བསྟན་དོན། ཚེས་གཉིས་ཉིན་གྱི་ཚུན་ལ། རྒྱ་གར་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཉེར་ལྔ་ཇེ་མང་ལ་སོང་ཡོད། དེའི་ནང་རྒྱ་གར་དུ་གནས་སྤོར་བྱེད་པའི་དབྱི་ཐཱ་ལེའི་གནས་སྐོར་བ་བཅུ་དྲུག་དང་ཁོ་ཚོར་འགྲོ་རོགས་བྱེད་པའི་རྒྱ་གར་གྱི་ཁ་ལོ་བ་གཅིག་འདུས། མིག་སྔའི་བར་དུ་རིམ་རྩིས་ཀྱིས་རྒྱ་གར་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཉེར་བརྒྱད་དུ་འཕར་ཡོད། 

མཱ་ལེ་ཞི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་བསྟན་དོན། ཉིན་དེའི་ཉིན་གུང་དུས་ཚོད་བཅུ་གཉིས་བར། རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གསར་བ་བཅུ་བཞི་བྱུང་བ་དང་། རྒྱལ་ཁབ་དེར་རིམས་ནད་བྱུང་བའི་ཚུན་ཉིན་གཅིག་ལ་ནད་པའི་ཁ་གྲངས་འཕར་བའི་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད། མིག་སྔར་མཱ་ལེ་ཞི་ཡཱ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ལྔ་བཅུར་འཕར་ཡོད། 

ནེའུ་ཙེ་ལན་གྱི་འཕྲོད་བསྟེ་པུའུ་ཡིས་ཚེས་བཞི་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གཉིས་པ་ངོས་འཛིན་བྱས་པ་དང་། ལོ་སུམ་ཅུ་ལྷག་ཡིན་པའི་ནེའུ་ཙེ་ལན་གྱི་བུད་མེད་དེ་ཁྱོ་ཀ་དང་མཉམ་དུ་ཁྱིམ་དུ་བཀག་ཡོད་ལ། སྨན་ཁང་དུ་བསྡད་མེད་ཟེར། 

ཨོ་སི་ཁྲུ་ལི་ཡཱའི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པ་ལྟར་ན། ཚེས་བཞི་ཉིན་གྱི་ཞོགས་པའི་བར། ཨོ་སི་ཁྲུ་ལི་ཡཱ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཞེ་གཅིག་ལ་འཕར་བ་དང་། དེའི་ནང་ནད་པ་ཉེར་གཅིག་དྲག་སྐྱེད་བྱུང་ཡོད་ལ། ནད་པ་གཅིག་རྐྱེན་ལམ་དུ་ཤོར།

ཡོ་ནན་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཡོ་ནན་དུ་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས་པའི་ཚུན་ལ། མིག་སྔར་ནད་ངོས་འཛིན་བྱས་པའི་ནད་པ་བཅུ་དྲུག་ཡོད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་པ་དང་། རྒྱལ་ཡོངས་སུ་ད་རུང་དོགས་ཡོད་ནད་པ་དོན་བདུན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།