ཀྲུང་གོ་བོད་ཀྱི་དྲ་བ།

ཞི་བདེའི་གྲོས་མཐུན་བཀོད་རྗེས་ཨ་མེ་རི་ཁའི་དམག་དཔུང་གིས་ཐོག་དང་པོར་ཐཱ་ལེ་པན་གྱི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སྲིད་གཞུང་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཁཱ་ཐར་གྱི་ཏའོ་ཧཱ་ནས་ཞི་བདེའི་གྲོས་མཐུན་བཀོད་ནས་ཉིན་གསུམ་གྱི་རྗེས་སུ། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཞི་ཉིན་ཐཱ་ལེ་པན་གྱི་དྲག་ཆས་པའི་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་དུ་ཡོད་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཐཱ་ལེ་པན་གྱིས་གྲོས་མཐུན་བཀོད་རྗེས་དུས་ངེས་མེད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱས་པར་འཁོན་ལན་སློག

ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་མགྲིན་ཚབ་པ་ལའེ་ཀི་ཐི་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ལས་ནཱ་ཧི་ཨར་སཱ་ལཱ་ཅི་ས་ཁུལ་གྱི་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་དམིགས་འབེན་ལ་དམིགས་ཡོད་པ་དང་། གཏོར་བརླག་རང་བཞིན་གྱི་འཇབ་རྒོལ་སྔོན་འགོག་བྱེད་པར་དམིགས་པའི་འགུལ་སྐྱོད་ཅིག་ཡིན་ཟེར། ལའེ་ཀི་ཐི་ཡིས་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཚེས་གསུམ་ཉིན་ཧི་ཨར་མན་ཏི་ཞིང་ཆེན་གྱི་ཨ་ཧྥུའུ་ཧན་གྱི་དམག་དཔུང་གི་དམིགས་འབེན་མང་བོར་ཐེངས་ཞེ་གསུམ་ལ་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས། 

ལའེ་ཀི་ཐི་ཡིས་ནན་གྱིས་བསྟན་དོན། དེ་ནི་ང་ཚོས་ཉིན་བཅུ་གཅིག་ནང་ཐོག་དང་པོར་ཐཱ་ལེ་པན་ལ་ཆམ་ཕབ་བཏང་བ་ཡིན་པ་དང་། ང་ཚོས་དགོས་གལ་ཡོད་པའི་སྐབས་སུ་ང་ཚོའི་གྲོགས་པོར་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར། ཁོས་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་དམ་བཅའ་བརྩི་སྲུང་དང་དྲག་ཤུགས་ཇེ་ཉུང་དུ་བཏང་སྟེ། དགོས་མེད་ཀྱི་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་འབྲེལ་ཡོད་མི་སྣས་གསར་འགོད་པར་བདེན་དཔང་བྱས་དོན། ཐཱ་ལེ་པན་གྱི་མི་སྣ་གཙོ་བོ་ཞིག་ཨ་མེ་རི་ཁའི་དམག་དཔུང་གི་ཐེངས་འདིའི་བར་སྣང་འཇབ་རྒོལ་ཁྲོད་བསད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།