ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་དབྱིན་ཇི་ཡིས་དབྱེ་ཏི་ལེ་པུའུ་ཡི་དམག་དོན་འགུལ་སྐྱོད་དང་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་གསུམ་ཉིན་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་པུའུ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཐུར་ཁེ་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་དང་ཡུལ་གྱར་བའི་རླབས་རྒྱུན་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་ལཱ་པུའུ་ཡིས་ཉིན་དེར་ད་རུང་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་གསར་བས་ཐུར་ཁེའི་གནོན་ཤུགས་ཇེ་ཆེར་བཏང་བ་དང་། ཐུར་ཁེ་ཡིས་སྔར་ལས་མང་བའི་ཡུལ་གྱར་བ་དང་ལེན་བྱེད་ཐབས་མེད་ལ། ཡུལ་གྱར་བ་དག་བཙན་གྱིས་ཐུར་ཁེ་རུ་སྡོད་དུ་འཇུག་པའི་འོས་འགན་ཡང་མེད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཞི་ལཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པས་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་དང་། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཐོབ་ཐང་དང་འཚམ་པའི་ཡུལ་གྱར་བར་འགེབས་སྲུང་བྱེད་དགོས་ཀྱང་། མིག་སྔའི་གནས་ཚུལ་ནི་ཞི་ལཱ་ཡིས་མཐའ་མཚམས་བཀག་སྡོམ་བྱས་ཡོད་ཟེར། 

ལཱ་པུའུ་ཡིས་བསྟན་དོན། དབྱིན་ཇི་ཡིས་དབྱེ་ཏི་ལེ་པུའུ་ཡི་དམག་དོན་འགུལ་སྐྱོད་ཀྱི་རིམ་པ་འཕར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། སི་རི་ཡཱའི་སྲིད་གཞུང་དང་ཨུ་རུ་སི་ནི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་འགན་ཁུར་མཁན་གཙོ་བོ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།