ཀྲུང་གོ་བོད་ཀྱི་དྲ་བ།

དབུས་ཤར་གྱི་རྒྱལ་ཁབ་གསུམ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཇེ་མང་དུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབུས་ཤར་ས་ཁུལ་གྱི་དབྱི་ལིང་དང་ལེ་པཱ་ནུན། དབྱི་རག་བཅས་ཀྱིས་སྙན་ཞུ་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཚེས་གཅིག་ཉིན་མུ་མཐུད་དུ་ཇེ་མང་ལ་སོང་། ལེ་པཱ་ནུན་དང་དབྱི་རག་གི་གསར་བྱུང་ནད་པ་དག་ལ་དབྱི་ལིང་དུ་གནས་སྐོར་བྱས་པའི་ལོ་རྒྱུས་ཡོད་པ་རེད། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཟླ་གསུམ་པའི་ཚེས་གཅིག་ཉིན་བར། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་དགུ་བརྒྱ་དང་གྱ་བདུན་ལ་འཕར་ཡོད་པ་དང་། དེའི་ནང་མི་ང་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། མི་བརྒྱ་དང་ཉེར་གསུམ་ལ་དྲག་སྐྱེད་བྱུང་། མིག་སྔར་རིམས་ནད་དེ་ཞིང་ཆེན་ཉེར་བདུན་དུ་རྒྱ་ཡན་ལ་སོང་ཡོད་ཟེར། 

ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ལེ་པཱ་ནུན་དུ་ཉིན་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་གསུམ་གསར་དུ་བྱུང་བ་དང་། ནད་ངོས་འཛིན་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་གཏན་འཁེལ་བྱས་པའི་ནད་པ་བཅུ་ལ་བསླེབ་ཡོད་ཟེར། 

ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། གསར་དུ་བྱུང་བའི་ནད་པ་གསུམ་པོ་དེ་དབྱི་ལིང་དུ་གནས་སྐོར་ལ་སོང་བའི་ལོ་རྒྱུས་ཡོད་པ་དང་། རང་ཁྱིམ་དུ་བསྡད་ཡོད་སྐབས་ནད་རྟགས་བྱུང་ནས་རྒྱལ་ས་པེ་རུ་ཐིའི་སྨན་ཁང་ཞིག་ཏུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་མི་བཅུ་གསུམ་ལ་སྨན་ཁང་གཅིག་ཏུ་ཁ་ཁར་བཀག་ནས་ལྟ་ཞིབ་བྱེད་བཞིན་ཡོད་ཟེར། 

དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་གཅིག་ཉིན་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་དྲུག་གསར་དུ་བྱུང་ཡོད་པ་དང་། ནད་ངོས་འཛིན་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་གཏན་འཁེལ་བྱས་པའི་ནད་པ་བཅུ་དགུར་འཕར་ཡོད་པ་སྙན་ཞུ་བྱས། 

དབྱི་རག་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། རྒྱལ་ས་པཱ་ཀི་ཏཱ་ཚེས་གཅིག་ཉིན་ནད་པ་གཉིས་གསར་དུ་བྱུང་བ་དང་། བྱང་ཕྱོགས་ཀྱི་སུའུ་ལའེ་མན་ནེ་ཡཱ་ཞིང་ཆེན་དུ་ནད་པ་བཞི་བྱུང་ཡོད། གསར་བྱུང་ནད་པ་དེ་དག་ཚང་མར་དབྱི་ལིང་དུ་གནས་སྐོར་བྱས་པའི་ལོ་རྒྱུས་ཡོད་ཟེར། 

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཚོད་འཛིན་བྱེད་ཆེད། དབྱི་རག་སྲིད་གཞུང་གིས་སློབ་གྲྭའི་སློབ་ཁྲིད་མཚམས་འཇོག་པ་དང་འདུ་ཚོགས་མཚམས་འཇོག་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།