ནེ་ཀྲི་རི་ཡཱའི་སྡེ་བ་ཞིག་ནས་འཇབ་རྒོལ་ཐེབས་ཏེ་མི་ལྔ་བཅུ་ཙམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བསྟན་དོན། ནེ་ཀྲི་རི་ཡཱའི་དབུས་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་ཀྲིག་གི་སྡེ་བ་མང་བོར་ཚེས་གཅིག་ཉིན་མེ་མདའ་བཟུང་བའི་ཇག་པའི་འཇབ་རྒོལ་ཐེབས་པ་དང་། འཇབ་རྒོལ་དེ་ལས་སྡེ་མི་ལྔ་བཅུ་ཙམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཉིན་དེར་མེ་མདའ་བཟུང་བའི་ཇག་པ་བརྒྱ་ཙམ་སྡེ་བ་དེ་དག་ཏུ་ཡོང་ནས་གང་འདོད་འདོད་དུ་སྡེ་མིར་མེ་མདས་བརྒྱབ་པ་དང་། ཁང་བ་མེར་བསྲེག་པར་མ་ཟད། རྒྱུ་ནོར་ཚང་མ་འཕྲོག་ཡོད། འདས་པོའི་གྲས་སུ་བྱིས་པའང་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། རྨས་མ་མང་བོ་སྨན་ཁང་དུ་བསྐྱལ་ཡོད་ཟེར། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཉེན་རྟོག་ཕྱོགས་ཀྱིས་ས་ཁུལ་དེ་དག་གི་ཉེན་རྟོག་པའི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཡོད། 

མིག་སྔར་རྩ་འཛུགས་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།