ཝུན་ཙེ་ཡུན་གྱིས་རྒྱལ་ཁོངས་བརྒལ་བའི་མཉམ་ལས་ལ་བརྟེན་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཧྲིག་ཨར་ནས་གསུམ་གཅིག་ལས་འགུལ་བྱུང་ནས་ལོ་ངོ་བརྒྱ་དང་གཅིག་འགོར་བར་རྗེས་དྲན་བྱེད་པའི་གཏམ་བཤད་སྤེལ་སྐབས་བསྟན་དོན། མིག་སྔར་རྒྱ་ཡན་དུ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་ཆེད། ཧན་གོ་ཡིས་ཁྲའོ་ཞན་དང་ཀྲུང་གོ། འཇར་པན། དེ་མིན་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་སོ་སོའི་བར་ལག་རྡང་མཉམ་སྦྲེལ་བྱས་ཏེ་དཀའ་ཁག་མཉམ་སེལ་བྱེད་དགོས་ཟེར། 

ཝུན་ཙེ་ཡུན་གྱིས་རྒྱལ་དམངས་ཡོངས་ཀྱིས་ཕན་ཚུན་ཡིད་ཆེས་དང་སྐུལ་ལྕག་བྱེད་པ་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་དཀའ་ཁག་ཁྱད་བསལ་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་བ་དང་ཧན་གོའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཝུན་ཙེ་ཡུན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་འདི་གནོད་འཚེ་དང་། ནམ་ཟླའི་འགྱུར་ལྡོག འགོ་ནད། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས། དྲ་རྒྱའི་ནག་ཉེས་སོགས་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་ཉེན་གྱི་རྒྱུ་རྐྱེན་སྔར་ལས་མང་བོར་འཕྲད་ཡོད་ལ། རྒྱལ་ཁབ་གཅིག་གི་སྟོབས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་དཀའ་བ་ཡིན། ཐེངས་འདིའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་སོང་བ་ལས་ང་ཚོར་ཡང་བསྐྱར་རྒྱལ་ཁོངས་བརྒལ་བའི་མཉམ་ལས་བྱེད་པའི་དགོས་གལ་ཚོར་དུ་བཅུག་ཡོད་ཟེར། 

ཧན་གོ་དང་འཇར་པན་གྱི་འབྲེལ་བ་གླེང་སྐབས་ཝུན་ཙེ་ཡུན་གྱིས་ནན་གྱིས་བསྟན་དོན། ཧན་གོས་འདས་སོང་གི་ལོ་རྒྱུས་བརྗེད་མི་སྲིད་ཀྱང་། འདས་སོང་ཁོ་ནའི་དབང་དུ་འགྲོ་མི་སྲིད། འཇར་པན་གྱིས་ཀྱང་རྣམ་འགྱུར་དེ་འདྲ་འཛིན་པའི་རེ་བ་ཡོད་ཟེར། ལོ་རྒྱུས་དཔྱད་གཞིར་བཟུང་ནས་ལག་རྡང་མཉམ་སྦྲེལ་གྱིས་མཉམ་དུ་འཕེལ་རྒྱས་བརྩོན་པ་ནི་ཨེ་ཤ་ཡཱ་ཤར་མའི་ཞི་བདེ་དང་དར་རྒྱས་ཀྱི་ཐབས་ལམ་ཡིན་སྲིད་ལ། ང་ཚོས་དཀའ་སྡུག་མཉམ་སེལ་བྱས་ཏེ་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་འབྲེལ་བ་འཛུགས་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།