ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་དམིགས་པའི་དཔྱིད་ཀྱི་ཕུབ་ཅེས་པའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་དམིགས་པའི་དཔྱིད་ཀྱི་ཕུབ་ཅེས་པའི་དམག་དོན་འགུལ་སྐྱོད་སྤེལ་ནས། ཟླ2པའི་ཚེས27ཉིན་ཐུར་ཁེའི་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་པའི་འཇབ་རྒོལ་ལ་འཁོན་ལན་སློག་རྒྱུ་ཡིན་ཟེར། 

ཨ་ཁཱ་ཨར་གྱིས་ཉིན་དེར་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ཀྱི་ཞིང་ཆེན་ཧཱ་ཐཱ་དབྱེ་རུ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་རང་སྲུང་བྱེད་པའི་ཞོར་དུ་ས་ཁུལ་དེའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ཚར་གཅོད་བྱེད་པའི་ཆེད་ཡིན་ཟེར། ཁོའི་བཤད་ཚུལ་ལྟར་ན། འགུལ་སྐྱོད་དེ་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་ཐུར་ཁེའི་དམག་དཔུང་ལ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་འཇབ་རྒོལ་ཐེབས་རྗེས་ནས་མགོ་བརྩམས་ཡོད་པ་དང་། ད་ལྟ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་མི་སྟོང་གཅིག་དང་ཉིས་བརྒྱ་བཅུ་གཉིས་ཚར་གཅོད་བྱས་པ་དང་། མི་བསྡད་མེད་པའི་གནམ་གྲུ་གཅིག་དང་གྱེན་འཕུར་གནམ་གྲུ་བརྒྱད། ཐན་ཁི་འཁོར་ལོ་བརྒྱ་དང་གསུམ། ཁྲབ་ལྡན་དམག་འདྲེན་འཁོར་ལོ་བཅུ་དགུ། མེ་སྒྱོགས་དོན་གཉིས། མཁའ་སྲུང་མ་ལག་གསུམ། ཐན་ཁིར་རྒོལ་བའི་མེ་སྒྱོགས་བཅོ་ལྔ། ཁྲབ་ལྡན་འཁོར་ལོ་ང་དྲུག མདེལ་དང་འགད་རྫས་ཀྱི་མཛོད་ཁང་དགུ་བཅས་ལ་གཏོར་བརླག་བཏང་ཡོད་པ་རེད། 

ཨ་ཁཱ་ཨར་གྱིས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་ཨུ་རུ་སིར་ངོ་རྒོལ་བྱེད་རྩིས་མེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡའི་སྲིད་གཞུང་དམག་དཔུང་གིས་དབྱེ་ཏི་ལེ་པུའུ་ནས་འགུལ་སྐྱོད་སྤེལ་བར་བཀག་འགོག་བྱེད་དགོས། ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱ་ནས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་དང་གཏན་འཇགས་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་ཀྱང་། ཐུར་ཁེའི་དམག་དཔུང་དང་དབྱེ་ཏི་ལེ་པུའུ་རུ་སྡོད་པའི་ལྟ་ཞིབ་བྱེད་སར་འཇབ་རྒོལ་བྱེད་པའི་བྱ་སྤྱོད་གང་རུང་ལ་འཁོན་ལན་སློག་རྒྱུའི་དམ་བཅའ་བཞག་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།