ཨ་མེ་རི་ཁས་རིམས་ནད་དབང་གིས་དབྱི་ལིང་ལ་གནས་སྐོར་ཚོད་འཛིན་་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་སོང་བའི་དབང་གིས་ཨ་མེ་རི་ཁས་དབྱི་ལིང་ལ་གནས་སྐོར་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། སྤྱི་དམངས་དག་དབྱི་ཐཱ་ལེ་དང་ཧན་གོ་སོགས་རིམས་ནད་ཚབས་ཆེན་ཡིན་པའི་ས་ཁུལ་དུ་འགྲོ་མི་རུང་བའི་གྲོས་གཞི་བཏོན། 

ཙུང་ཐུང་གཞོན་པ་ཕིན་སི་ཡིས་ཉིན་དེའི་ཕྱི་དྲོར་ཕོ་བྲང་དཀར་པོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་ཉིན་དེ་ནས་བཟུང་ཉིན་བཅུ་བཞིའི་རིང་དབྱི་ལིང་དུ་སོང་མྱོང་བའི་ཕྱི་རྒྱལ་གྱི་སྤྱི་དམངས་ཚང་མར་གནས་སྐོར་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཞོར་དུ་ཁོས་ད་རུང་དབྱི་ཐཱ་ལེ་དང་ཧན་གོ་སོགས་རིམས་ནད་ཚབས་ཆེན་ཡིན་པའི་ས་ཁུལ་དུ་གནས་སྐོར་ལ་འགྲོ་མི་རུང་བ་ཁྱབ་སྒྲོག་བྱས། 

དེ་ལས་གཞན་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་བཞིན་ཡོད་ལ། ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་གྱི་མིག་སྔའི་གནས་བབ་ཚབས་ཆེན་མིན་པས་ཚོད་འཛིན་བྱེད་ཐབས་གང་རུང་སྤྱོད་པའི་དགོས་པ་མེད་ཟེར། 

ཟླ་གཉིས་པའི་ཚེས་ཉེར་རྒྱད་ཉིན་གྱི་དགོང་མོའི་བར། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་སུམ་བརྒྱ་དང་གྱ་བརྒྱད་ཡོད་པ་དང་། བསྡོམས་པས་མི་སོ་བཞི་རྐྱེན་ལམ་དུ་ཤོར། ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཧན་གོ་ནས་ངོས་འཛིན་བྱས་པའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་སོ་གཅིག་ལ་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་བཅུ་དྲུག་རྐྱེན་ལམ་དུ་ཤོར། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་བརྒྱད་བརྒྱ་དང་གྱ་བརྒྱད་ལ་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་ཉེན་གཅིག་རྐྱེན་ལམ་དུ་ཤོར་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།