ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་སོ་སོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གཉིས་ལ་ཁ་པར་བཏང་སྟེ། སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་དེའི་མནའ་མཐུན་གྲོགས་པོས་ས་ཁུལ་དེར་དཔུང་འཇུག་བྱས་པའི་དབང་གིས་འཇིགས་སྐུལ་རྩ་འཛུགས་སྔར་ལས་ཁ་ཐོར་དུ་གྱུར་བ་དང་། ས་ཁུལ་གྱི་བདེ་འཇགས་ཉེན་ཁ་སྔར་ལས་ཇེ་ཆེར་སོང་ཡོད། ཁོས་དེ་ལས་འབྱུང་བའི་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། 

མཱ་ཁི་ལུང་གིས་ཨུ་རུ་སི་དང་ཐུར་ཁེ་ཡིས་མྱུར་དུ་དགྲར་འཛིན་གྱི་འགུལ་སྐྱོད་མཚམས་བཞག་སྟེ། ཉིས་སྟོང་བཅོ་བརྒྱད་ལོར་ཨུ་རུ་སི་དང་ཐུར་ཁེ། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་གྲོས་མཐུན་བརྩི་སྲུང་བྱས་ཏེ། སི་རི་ཡཱ་ནས་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཧྥ་རན་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་དུ་ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ། ཆབ་སྲིད་ཀྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་མཱ་ཁི་ལུང་དང་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སི་རི་ཡཱའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕུའུ་ཅིན་གྱིས་མཱ་ཁི་ལུང་ལ་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་བར་སྤྱད་པའི་བྱེད་ཐབས་མཚམས་སྦྱོར་བྱས། ཕྱོགས་གཉིས་ཀྱིས་ད་རུང་ས་ཁུལ་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་གནད་དོན་ལ་གྲོས་བསྡུར་བྱས། 

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་ཉེ་ལམ་མའོ་སི་ཁི་ནས་མཐོ་རིམ་གྲོས་མོལ་ཅིག་སྤེལ་ནས་བྱེ་བྲག་ཏུ་སི་རི་ཡཱའི་ཉམས་ཉེན་གྱི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།