ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ནད་པ་ལྔ་བརྒྱ་དང་གོ་བཞི་གསར་དུ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ནས་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་བར། ཧན་གོ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་གསར་དུ་བྱུང་བའི་ནད་པ་ལྔ་བརྒྱ་དང་གོ་བཞི་འཕར་སྣོན་བྱུང་བ་དང་། ནད་པ་གསུམ་རྐྱེན་ལམ་དུ་ཤོར་ཡོད། རིམ་རྩིས་ཀྱིས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་སོ་གཅིག་ལ་འཕར་ཡོད་ཟེར། 

ཧན་གོའི་ཀྲུང་དབྱང་དོན་རྐྱེན་ཐག་གཅོད་སྡེ་ཁག་གི་མགོ་བ་ཅིན་ཀང་ལི་ཡིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཏཱ་ཁྱིག་ས་ཁུལ་གྱི་ཆོས་ཚོགས་ཁྲོད་ཀྱི་དད་ལྡན་པ་མང་ཚོགས་སུམ་ཆའི་གཅིག་གི་ནད་བརྟག་བྱ་བ་ཡོངས་འགྲུབ་བྱས་པ་དང་། བརྟག་དཔྱད་ཀྱི་མཇུག་འབྲས་ཐོབ་པར་ད་རུང་དུས་ཚོད་ངེས་ཅན་ཞིག་ལ་སྒུག་དགོས། ཚོད་དཔག་བྱས་པ་ལྟར་ན་མ་འོངས་པའི་ཉིན་འགའི་ནང་། ཏཱ་ཁྱིག་ས་ཁུལ་གྱི་གསར་བྱུང་ནད་པའི་ཁ་གྲངས་ཧ་ཅང་མང་ངེས་རེད་ཟེར། 

མིག་སྔར། ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ་ནད་པ་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་ཉེར་བདུན་དྲག་བསྐྱེད་བྱུང་ཡོད་ལ། ནད་པ་སྟོང་གཉིས་དང་བརྒྱད་བརྒྱ་གྱ་བརྒྱད་ཁ་ཁར་བཀར་ནས་གསོ་བཅོས་བྱེད་བཞིན་ཡོད་པར་མ་ཟད། གཞན་ད་རུང་མི་ཁྲི་གཉིས་དང་སྟོང་དགུ་བརྒྱ་དང་ང་བཞིར་བརྟག་དཔྱད་བྱེད་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།