ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་ལིང་གི་ཙུང་ཐུང་གིས་ཁ་པར་བཏང་སྟེ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཡི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཁ་པར་བཏང་སྟེ། སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་དང་ལུའུ་ཧཱ་ནེ་གཉིས་ཀྱིས་ཁ་པར་གཏོང་སྐབས་དབྱེ་ཏི་ལེ་པུའུ་ཡི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་གྱི་འགལ་བ་ཇེ་དྲག་ཏུ་སོང་བའི་གནས་ཚུལ་འོག་གི་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་ཞིབ་ཏུ་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ངེས་པར་དུ་ཨ་སི་ཐཱ་ནཱའི་གྲོས་མོལ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ཐད་ནས་བཀོད་པའི་གྲོས་མཐུན་ལག་བསྟར་གང་ལེགས་བྱེད་པ་དང་། ཞོར་དུ་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པར་འདོད། 

ཨུ་རུ་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་གྱི་ལག་བསྟར་གནས་ཚུལ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་རྒྱལ་སྤྱིའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པས། གྲོས་མཐུན་དེ་སོར་འཇོག་བྱེད་པར་གལ་འགངས་ཧ་ཅང་ཆེ་བར་འདོད། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།