ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཞི་བདེའི་གྲོས་མཐུན་བཀོད།

202003010943351eQS.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་བཅས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཟླ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་མཇུག་སྒྲིལ་བར་དམིགས་པའི་ཞི་བདེའི་གྲོས་མཐུན་བཀོད། 

ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་ཆབ་སྲིད་མགོ་ཁྲིད་པ་པཱ་ལཱ་ཏཱ་ཨར་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་ཞི་བདེའི་གྲོས་མཐུན་སྟེང་མིང་བཀོད། 

གྲོས་མཐུན་ལྟར་ན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དུ་ཡོད་པའི་བཅའ་སྡོད་དམག་དཔུང་རིམ་བཞིན་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཨ་ཧྥུའུ་ཧན་དུ་སྡོད་པའི་ཕྱི་རྒྱལ་གྱི་དམག་དཔུང་ཚང་མ་ཟླ་ངོ་བཅུ་བཞིའི་ནང་ཕྱིར་འཐེན་བྱེད་ཐུབ་པའི་རེ་བ་ཡོད། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་དེ་འཇིགས་སྐུལ་ཉེས་ཅན་གྱི་འགེབས་སྲུང་ས་ཁུལ་དུ་འགྱུར་དུ་འཇུག་མི་སྲིད་པ་ཁས་ལེན་བྱས། གྲོས་མཐུན་ལས་ད་རུང་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་ནང་ཁུལ་གྲོས་མོལ་བྱས་ཏེ། ཕྱོགས་སོ་སོའི་འཐུས་མིས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་དུས་ཚོད་དང་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད། 

ཐཱ་ལེ་པན་གྱི་དཔོན་པོ་སཱ་ལཱ་མུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གྲོས་མཐུན་ལས་ད་རུང་ཨ་མེ་རི་ཁ་དང་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་ལས་བྱས་ཏེ་བཟུང་དམག་བརྗེ་སྤོར་དང་བཀག་འཇུག་མི་སྣ་བཙོན་གྲོལ་གཏོང་བའི་འཆར་གཞི་གཏན་འབེབས་བྱེད་པའི་རེ་བ་བཏོན་ཡོད་ཟེར། 

བསྡོམས་རྩིས་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ལས་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་ཁྲི་ཕྲག་འགའ་དང་ཨ་མེ་རི་ཁའི་དམག་མི་སྟོང་གཉིས་དང་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་རང་ཁྱིམ་དང་ཁ་མི་འབྲལ་ཐབས་མེད་བྱུང་ཡོད། དེ་ནི་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་དུས་ཡུན་ཆེས་རིང་བའི་འཐབ་འཁྲུག་ཅིག་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།