ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་བར། དབྱི་ཐཱ་ལིར་དུས་ཚོད་ཉེར་བཞིའི་ནང་ནད་པ་གསར་པ་ཉིས་བརྒྱ་དང་ལྔ་བཅུ་འཕར་བ་དང་། ཧྥ་རན་སིར་ནད་པ་གསར་པ་ཉི་ཤུ་འཕར། དབྱི་རག་ཏུ་ནད་པ་གསར་པ་ཉེར་ལྔ་འཕར། ཨེར་ལན་བྱང་མ་དང་ཧོ་ལན་དུ་ནད་པ་ཐོག་མ་བྱུང་། སུའེ་ཙེར་དང་། ཁ་ན་ཏ་སོགས་རྒྱལ་ཁབ་ཏུ་གཏན་འཁེལ་བྱུང་བའི་ནད་པ་ཇེ་མང་དུ་སོང་ཡོད།
ས་གནས་དེ་གའི་དུས་ཚོད་ཚེས་ཉེར་བདུན་ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་རི་ནེ་ཝ་རུ་བསྟན་དོན། མིག་སྔར་ཀྲུང་གོ་མ་གཏོགས་པའི་ས་ཁུལ་གཞན་པར་སེམས་ཁུར་ཆེན་པོ་བྱེད་དགོས་པ་དང་། འཛམ་གླིང་ཧྲིལ་བོའི་རིམས་ནད་འགོག་རྒོལ་ལས་དོན་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། རྒྱལ་ཁབ་ཁག་གིས་གང་མགྱོགས་སྒོས་འབྲེལ་ཡོད་བྱེད་ཐབས་སྤྱོད་དགོས་པའི་གྲོས་གཞི་བཏོན།
ས་གནས་དེ་གའི་དུས་ཚོད་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་བར། འཇར་པན་དུ་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་དགུ་བརྒྱ་དང་བཅུ་དགུར་འཕར་ཡོད་པ་དང་། དེའི་ཁྲོད་འཇར་པན་རྒྱལ་ནང་དུ་མི་ཉིས་བརྒྱར་རིམས་ནད་འགོས་པ་དང་། ཕ་ལམ་སྲས་མོ་རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་འགྲུལ་པ་དང་ལས་དོན་མི་སྣ་བདུན་བརྒྱ་དང་ལྔ་དང་། དེ་མིན་འཇར་པན་སྲིད་གཞུང་གི་གནམ་གྲུར་བསྡད་ནས་འཇར་པན་དུ་ལོག་མཁན་མི་བཅུ་བཞིར་རིམས་ནད་འགོས་ཡོད།
དབྱི་ཐཱ་ལིའི་དམངས་སྲུང་སྡེ་ཁག་གི་འགན་ཁུར་བ་ཧྥུའུ་ལའེ་ལི་ཡིས་རིམས་ནད་སྤྱི་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་དུས་ཚོད་དྲུག་བར། རྒྱལ་ཁབ་དེར་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་དྲུག་བརྒྱ་དང་ལྔ་བཅུ་ཡོད་པ་དང་། དུས་ཚོད་ཉེར་བཞིའི་ནང་ནད་པ་ཉིས་བརྒྱ་དང་ལྔ་བཅུ་འཕར་ཡོད། ནད་པ་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་ནད་པ་ཞེ་ལྔ་དྲག་སྐྱེད་བྱུང་ཡོད་ཟེར།
དེ་མིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བདུན་ཉིན་དབྱི་ཐཱ་ལིའི་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ནཱ་པོ་ལེ་སིར་འཚམས་འདྲི་བྱས་པ་དང་དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐེ་དང་ཐུག་འཕྲད་བྱས། མཱ་ཁི་ལུང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་རྒྱུ་མཚན་དུ་བྱས་ནས་ཧྥ་རན་སི་དང་དབྱི་ཐཱ་ལིའི་མཐའ་མཚམས་ཀྱི་འགྲོ་འོང་མཚམས་འཇོག་བྱེད་དུ་འཇུག་མི་སྲིད་ཟེར།
ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་བ་ནས་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་དགུ་བའི་བར། ཧན་གོར་ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ་གསར་པ་ཉིས་བརྒྱ་དང་ང་དྲུག་འཕར་ཡོད་པ་དང་། རིམ་རྩིས་བྱས་ན་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་གཉིས་དང་ཉེར་གཉིས་ལ་བསླེབ་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་ཁབ་མང་བོར་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད།