མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གནས་བབ་ལ་ཚོད་འཛིན་བྱེད་པར་དཀའ་ཁག་ཆེན་པོ་མེད་པའི་སྐབས་སུ་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སི་རི་ཡཱའི་གནས་བབ་ཐད་ནས་བྲེལ་མྱུར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཁོས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དགྲར་འཛིན་འགུལ་སྐྱོད་ཧ་ཅང་ཛ་དྲག་ཏུ་གྱུར་བ་དང་། དེ་ནི་སི་རི་ཡཱའི་འཁྲུག་རྩོད་བྱུང་བའི་ཚུན་ལ་ཀུན་གྱིས་ཆེས་སེམས་ཁུར་བྱེད་པའི་དུས་སྐབས་ཤིག་རེད། གལ་ཏེ་བྲེལ་མྱུར་འགུལ་སྐྱོད་མ་སྤེལ་ན་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིག་སྔར་གནས་བབ་ལ་ཚོད་འཛིན་བྱེད་པར་དེ་འདྲའི་དཀའ་ཁག་མེད་པའི་སྐབས་སུ་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས། སི་རི་ཡཱའི་འཁྲུག་རྩོད་དེ་དམག་དོན་འགུལ་སྐྱོད་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་བ་དང་། ཐག་གཅོད་བྱེད་ཐབས་ཉག་ཅིག་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པར་མ་ཟད། ཆབ་སྲིད་ཀྱི་ཐག་གཅོད་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། མི་སེར་དཀྱུས་མས་འཁྲུག་རྩོད་ཁྲོད་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། འདས་པའི་ཟླ་ངོ་གསུམ་གྱི་རིང་ལ་མི་ས་ཡ་གཅིག་ཙམ་རང་ཁྱིམ་དང་ཁ་བྲལ་ཡོད་པ་དང་། སློབ་གྲྭ་དང་སྨན་བཅོས་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་ཐེབས་པར་མ་ཟད། ཐ་ན་ཡུལ་གྱར་བའི་སྒར་ས་དང་ཉེན་ཡོལ་བྱེད་སར་ཡང་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་ལ་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཐུར་ཁེའི་དམག་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཉིས་ལ་རྨས་ཕོག་ཡོད་ཟེར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེའི་དགོང་མོར་བྲེལ་མྱུར་བདེ་འཇགས་གྲོས་ཚོགས་བསྡུས་ཏེ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་རྒོལ་ལན་སྤྲོད་རྒྱུ་ཐག་བཅད། ཚེས་ཉེར་བརྒྱད་ཉིན། ཉུང་མཐར་ཡང་སི་རི་ཡཱའི་དམག་མི་བཅུ་གཅིག་ལ་ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།