ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་བར་གཅིག་གྱུར་རེ་བ་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་བརྒྱད་ཉིན་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་། 

བསྒྲགས་པའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཐུར་ཁེ་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་པ་དང་། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་ཐུར་ཁེའི་དམག་མི་དང་བཅས་པའི་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་པས། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། ཕུའུ་ཅིན་གྱིས་ད་རུང་ནན་གྱིས་བསྟན་དོན། མིག་སྔའི་སི་རི་ཡཱའི་གནས་བབ་ཀྱི་ལས་འགན་གཙོ་བོ་ནི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་དེ་ཡིན་ཟེར། 

སྤྱི་སྒྲོག་ལས་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་བར་གྱི་གྲོས་མོལ་སྤེལ་བ་དང་ཉེ་ལམ་མཐོ་རིམ་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཚེས་ཉེར་བདུན་ཉིན་ཐུར་ཁེའི་དམག་དཔུང་གི་རྒྱབ་སྐྱོར་འོག་ཏུ་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་སཱ་ལཱ་ཅི་པུའུ་གྲོང་ཁྱེར་དུ་ཡོད་པའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་དཔུང་འཇུག་བྱས། ཐུར་ཁེའི་དམག་དཔུང་གིས་ད་རུང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་འགས་གཏོར་གཏོང་བའི་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་འཕུར་མདའ་གཏོང་འཕེན་བྱས་ཀྱང་ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་བདེ་བླག་ངང་འཇབ་རྒོལ་དེར་གཡོལ་ཐུབ་སོང་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།