བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་དག་གིས་དགྲར་འཛིན་གྱི་འགུལ་སྐྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ཀྱིས་རྣམ་པ་གང་རུང་གི་དགྲར་འཛིན་འགུལ་སྐྱོད་ཚང་མ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། ཞི་བདེའི་གྲོས་མཐུན་གྱི་འབྲེལ་ཡོད་ནང་དོན་གཞིར་བཟུང་སྟེ་གྲོས་མཐུན་བརྩི་སྲུང་མི་བྱེད་པའི་ཕྱོགས་ལ་བཀག་སྡོམ་དང་བཅས་པའི་བྱེད་ཐབས་སྤྱོད་སྲིད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ན་ནིང་ཟླ་གཉིས་པར་རྒྱལ་ས་པན་ཅི་ནས་ཞི་བདེའི་གྲོས་མཐུན་བཀོད་རྗེས་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། ཞི་བདེའི་གྲོས་མཐུན་གྱི་གནད་འགག་གི་ནང་དོན་རེ་འགའ་ལག་བསྟར་བྱེད་པར་འགོར་འགྱངས་བྱས་པར་སེམས་ཁུར་བྱེད་བཞིན་ཡོད་པར་མ་ཟད། གྲོས་མཐུན་བཀོད་པའི་ཕྱོགས་ཁག་ཚང་མས་རང་གི་དམ་བཅའ་ལག་བསྟར་ནན་མོ་བྱེད་དགོས་པའི་སྐུལ་མ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་། ཁྱད་པར་དུ་ཉེ་སྔོན་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་ནས་ཞི་བདེའི་གྲོས་མཐུན་དང་འགལ་བའི་དྲག་ཤུགས་བྱ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྣམ་པ་གང་རུང་གི་དགྲར་འཛིན་འགུལ་སྐྱོད་ཚང་མ་མཚམས་འཇོག་དགོས་པ་དང་རིགས་རྒྱུད་དང་ཆོས་ལུགས་ཀྱི་འཁོན་སེམས་ལ་ངན་སྐུལ་བྱེད་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་ནས་འགྲོ་མིའི་ཐོབ་ཐང་ལ་རྡོག་བརྫིས་བྱེད་མཚམས་འཇོག་དགོས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་ལ་དཔུང་འཇུག་བྱེད་མཚམས་འཇོག་དགོས་པའི་རེ་བཏོན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།