ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དམག་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་ཉེ་འཁོར་དུ་བྱ་འགུལ་སྤེལ་བར་ཤུགས་སྣོན་བྱས་པར་སེམས་ཁུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀི་ལཱ་ཞི་མའོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་ཉེ་འཁོར་གྱི་དམག་དོན་བྱ་འགུལ་ལ་ཤུགས་སྣོན་བྱས་པ་དང་ཨུ་རུ་སི་ལ་རྒོལ་བའི་སྣང་ཚུལ་ལྡན་པའི་དམག་དོན་སྦྱོང་བརྡར་སྤེལ་བར་ཨུ་རུ་སིའི་ཕྱོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཀི་ལཱ་ཞི་མའོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་ཨུ་རུ་སིར་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ལེ་ཁུའུ་ཨན་ཐི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བའི་ཁྲོད་ཨུ་རུ་སིའི་ཕྱོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་རབ་དང་རིམ་པ་གནས་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ཉེ་འདབས་ནས་དམག་དོན་བྱ་འགུལ་ལ་ཤུགས་སྣོན་བྱས་པར་མ་ཟད། ཉེ་སྔོན་ཨུ་རུ་སིར་རྒོལ་བའི་སྣང་ཚུལ་ལྡན་པའི་དམག་དོན་སྦྱོང་བརྡར་སྤེལ་བའི་འཆར་གཞི་ཡོད་པ་རེད། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་དམག་དོན་གྲོས་མོལ་མེད་པའི་ཆ་རྐྱེན་འོག བྱ་འགུལ་དེ་དག་ལ་དཀྲུག་འཕེན་གྱི་རང་བཞིན་མངོན་གསལ་ལྡན་ཟེར། 

ཀི་ལཱ་ཞི་མའོ་ཧྥུའུ་ཡིས་ཨུ་རུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱི་དམག་དོན་མཉམ་ལས་ཀྱི་གནད་དོན་གླེང་སྐབས་བསྟན་དོན། མིག་སྔར་ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་བར་བྱེད་སྒོའི་འབྲེལ་ལམ་བཙུགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་བར་སྣང་དང་མཚོ་ཐོག་གི་གློ་བུར་བའི་དོན་རྐྱེན་སྔོན་འགོག་བྱེད་པའི་སྐོར་གྱི་གྲོས་མཐུན་ཡང་ཕན་ནུས་ལྡན་པར་ལག་བསྟར་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་དེའི་སྔོན་བཀོད་པའི་གྲོས་མཐུན་ལྟར་ན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་འཛམ་གླིང་ཡོངས་དང་ས་ཁུལ་གྱི་བདེ་འཇགས་ཁྱབ་ཁོངས་ནས་ཧྥ་རན་སིའི་བར་རོགས་ལས་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། 

ལེ་ཁུའུ་ཨན་ཐི་ཡིས་བསྟན་དོན། ཧྥ་རན་སི་དང་ཨུ་རུ་སིའི་དམག་དཔུང་བར་གྱི་འབྲེལ་བར་འཕེལ་རྒྱས་འབྱུང་བཞིན་ཡོད་པ་དང་། ཁོས་ཐེངས་འདིར་ཨུ་རུ་སི་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཉེན་ཁའི་གནས་བབ་ལ་དཔྱད་འཇོག་བྱེད་པའི་ཐད་ནས་ཨུ་རུ་སིའི་བར་བཟོད་སྒོམ་བརྗེད་ཐོ་འགོད་པའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།