ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོར་གློ་ཚད་བྱུང་བའི་ནད་པ་སྟོང་གཅིག་དང་བརྒྱ་དང་ཞེ་དྲུག་ཡོད་པ་དང་རིམས་འགོག་དངོས་རྫས་དཀོན་པའི་སྣང་ཚུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་བར་དུ། ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་སྟོང་གཅིག་དང་བརྒྱ་དང་ཞེ་དྲུག་ལ་བསླེབ་ཡོད་པ་དང་། རིམས་འགོག་དངོས་རྫས་དཀོན་པའི་སྣང་ཚུལ་བྱུང་ཡོད་ལ། ཉིན་དེ་ནས་བཟུང་ཁ་ཐུམ་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱེད་རྒྱུ་རེད། 

ཧན་གོའི་ཀྲུང་དབྱང་རིམས་འགོག་ཐབས་ཇུས་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བའི་རྗེས་སུ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ནད་པ་བརྒྱ་དང་རེ་དགུ་ལ་འཕར་བ་དང་། རིམས་བསགས་ཀྱིས་གློ་ཚད་བྱུང་བའི་ནད་པ་སྟོང་གཅིག་དང་བརྒྱ་དང་ཞེ་དྲུག་ཏུ་འཕར་ཡོད་ལ། རིམ་བསགས་ཀྱིས་ནད་པ་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཡོད། 

ཧན་གོའི་རྒྱལ་སྲིད་ཙུང་ལི་ཏེན་ཧྲི་ཅོན་གྱིས་ཚེས་ཉེར་ཉིན་ནས་བཟུང་ཡུལ་དངོས་ནས་རིམས་ནད་འགོག་བཅོས་ལ་བཀོད་འདོམ་བྱས་པ་དང་། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་གཟའ་འཁོར་འདིའི་ནང་གནས་བབ་ཚོད་འཛིན་བྱེད་པར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན། 

རིམས་ནད་མཆེད་པའི་དབང་གིས་ཧན་གོའི་རིམས་འགོག་དངོས་རྫས་དཀོན་པའི་སྣང་ཚུལ་བྱུང་། ཧན་གོའི་སྲིད་གཞུང་གིས་བཤད་རྒྱུར། མི་སྔར་ཧན་གོའི་མངའ་ཁོངས་ཀྱི་ཁ་ཐུམ་གྱི་ཉིན་རེའི་ཐོན་སྐྱེད་བྱེད་སྐབས་བྱེ་བ་གཅིག་དང་ས་ཡ་གཅིག་ཡིན་པ་དང་། གཟའ་འཁོར་གཉིས་ཀྱི་ཡར་སྔོན་ལས་ལྡབ་གཅིག་གིས་འཕར་ཡོད་ཀྱང་། སྔར་བཞིན་མཁོ་འདོན་དཀའ་བའི་གནད་དོན་བྱུང་ཡོད་ཟེར། ཧན་གོའི་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་ཚད་སྐུལ་སློང་བྱས་ཏེ་ཁ་ཐུམ་སོགས་མཁོ་འདོན་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་དོན། ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར་བྲེལ་མྱུར་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁ་ཐུམ་དང་ལག་ཁྲུད་གཤེར་ཁུ་སོགས་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།