ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་དངུལ་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ་འབུ་ཆ་ག་བའི་གནོད་པ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། མཉམ་འབྲེལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་པུས་སི་ལེ་བཅས་ཀྱིས་ཉིན་དེར་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་དངུལ་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ་ད་ལྟ་རྒྱ་ཡན་དུ་འགྲོ་བཞིན་པའི་འབུ་ཆ་ག་བའི་གནོད་པ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཟླ་ངོ་འགའི་རིང་ལ། རྒྱལ་ཁབ་མང་བོར་འབུ་ཆ་ག་བའི་གནོད་པ་ཐེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་པའི་སྙན་ཞུ་ལྟར་ན། ཐེངས་འདིར་འབུ་ཆ་ག་བས་ཨ་ཧྥེ་རི་ཁ་ནུབ་མ་ནས་ཤར་མ་དང་། དེ་ནས་ཨེ་ཤ་ཡཱའི་ནུབ་མ་ནས་ཨེ་ཤ་ཡཱ་ལྷོའི་རྒྱལ་ཁབ་ཉི་ཤུ་ལྷག་ལ་གནོད་པ་ཐེབས་ཡོད་ལ། གནོད་པ་ཐེབས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་སྟོང་གཅིག་དང་དྲུག་བརྒྱ་ལྷག་ཡོད་པ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་གི་ཟུར་སྣེ་རུ་ལྷག་ཏུ་ཚབས་ཆེན་ཡིན་པ་རེད། 

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟླ་དང་པོར་མེ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་གི་དངུལ་བསྡུའི་འཆར་གཞི་ཞིག་ལག་ཏུ་བསྟར་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་གི་འབུ་ཆ་ག་བའི་གནོད་པ་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་རྩིས་བྱས་ཀྱང་། དངུལ་བསྡུའི་འཕེལ་རིམ་ཧ་ཅང་དལ་བ་དང་མིག་སྔའི་བར་དུ་མེ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་མ་གཏོགས་བསྡུ་ཐུབ་མེད་ཟེར། 

ཏིས་ཡཱ་ལི་ཁི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གསུམ་གྱི་འགན་ཁུར་བས་བལྟས་ན། འབུ་ཆ་ག་བའི་གནོད་པ་དེ་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་ཤར་མ་ས་ཁུལ་དུ་རྒྱ་ཡན་དུ་འགྲོ་བཞིན་ཡོད་པ་དང་། གནོད་པ་དེ་ཐག་གཅོད་བྱེད་པའི་མ་རྩ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ནས་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བརྒྱད་ལ་བསླེབ་ཡོད་ཟེར། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་འབུ་ཆ་ག་བས་འབྲུ་རིགས་བདེ་འཇགས་ཐད་ཐེབས་པའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་དེ་ལས་འགྲོ་སོང་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་།

འབུ་ཆ་ག་བ་ནི་འཛམ་གླིང་སྟེང་གཏོར་བརླག་ནུས་པ་ཆེས་ཆེ་བའི་གནས་སྤོར་རང་བཞིན་གྱི་གནོད་འབུའི་རིགས་ཤིག་ཡིན་པ་དང་། ཉིན་རེར་རླུང་འགྲོས་དང་བསྟུན་ནས་སྤྱི་ལེ་བརྒྱ་དང་ལྔ་བཅུའི་སར་འཕུར་ཐུབ་ལ། ཟླ་ངོ་གསུམ་ཡས་མས་ལ་འཚོ་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་གཅིག་གི་འབུ་ཆ་ག་བས་ཉིན་གཅིག་ལ་མི་ཁྲི་གསུམ་དང་སྟོང་ལྔའི་ཁ་ཟས་མེད་བརླག་ཏུ་གཏོང་ཐུབ་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།