ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་འགྲོ་མིའི་ཐོབ་ཐང་གི་འགུལ་སྐྱོད་གྲོས་གཞི་གསར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་གསུམ་པ་ཚེས་ཉེར་བཞིའི་ཉིན་རི་ནེ་ཝ་ནས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་འགྲོ་མིའི་ཐོབ་ཐང་གི་འགུལ་སྐྱོད་གྲོས་གཞི་གསར་བ་ཞིག་ཁྱབ་སྒྲོག་བྱས་ཏེ། རྒྱལ་ཁབ་སོ་སོས་མྱུར་དུ་ཟོལ་མེད་ཀྱི་འགུལ་སྐྱོད་སྤེལ་ཏེ་འགྲོ་མིའི་ཐོབ་ཐང་གི་ལས་དོན་སྣ་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་འགུལ་སྐྱོད་གྲོས་གཞི་གསར་བ་དེར་གཙོ་བོ་ཕྱོགས་བདུན་ཡོད་འདུས་པ་དང་། དེ་ལས་དང་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱས་པ་ལ་བརྟེན་ནས་འགྲོ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དེ་ཡིན་ཟེར། ཁོས་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་ནི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་སྲོག་ཤིང་ཡིན་པ་དང་། དབུལ་ཕོངས་ལས་ཐར་བ་དང་སློབ་གསོའི་འགན་སྲུང་། དམངས་ཡོངས་ཀྱི་སྨན་བཅོས་བཅས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཁྲོད་ཀྱི་དམིགས་འབེན་གཙོ་བོ་ཡིན་པར་མ་ཟད། འགྲོ་མིའི་ཐོབ་ཐང་གོང་འཕེལ་དུ་འགྲོ་བར་མེད་དུ་མི་རུང་བའི་རྒྱབ་བརྟེན་ཡང་ཡིན། རྒྱལ་ཁབ་སོ་སོས་འགྲོ་མིའི་ཐོབ་ཐང་གི་རྩ་དོན་དང་རྐྱེན་སྲོལ་དེ་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དེ་ལས་གཞན་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་གནོད་འཚེ་ཐག་གཅོད་བྱེད་པ། ཕོ་མོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཟབ་ཞུགས་ལ་ཡར་སྐུལ་བྱེད་པ། བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་ལ་ཞོར་དུ་བསམ་བློ་གཏོང་བ། གཅིག་གྱུར་གྱི་འགུལ་སྐྱོད་སྤེལ་ཏེ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ། ཆ་འཕྲིན་ལག་རྩལ་ལས་བཟོས་པའི་འགྲོ་མིའི་ཐོབ་ཐང་གི་འགྲན་རྩོད་གསར་བ་ཐག་གཅོད་བྱེད་པ་བཅས་ཁྱབ་ཁོངས་དྲུག་ནས་ཀྱང་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་མྱུར་དུ་འགུལ་སྐྱོད་སྤེལ་དགོས་ཟེར། 

ཁོས་བཤད་རྒྱུར། འགྲོ་མིའི་ཐོབ་ཐང་ནི་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་གི་མཚོན་བྱེད་ཡིན་པ་དང་། མིག་སྔའི་འཛམ་གླིང་གི་མདུན་དུ་ལྷགས་པའི་གནད་དོན་དང་འགྲན་རྩོད་རབ་དང་རིམ་པ་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་པཱ་ཆེ་ལའེ་ཐི་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཀུའུ་ཐི་ལོས་སིའི་འགྲོ་མིའི་ཐོབ་ཐང་གསར་བའི་འགུལ་སྐྱོད་གྲོས་གཞི་གསར་བར་དགའ་བསུ་བྱས། ཁོ་མོས་བསྟན་དོན། འགྲོ་མིའི་ཐོབ་ཐང་གི་འགུལ་སྐྱོད་གྲོས་གཞི་དེ་ནི་འགྲོ་མིའི་ཐོབ་ཐང་གི་རྩ་དོན་དང་དམིགས་འབེན་གྱི་ཡང་བསྐྱར་ཁས་ལེན་དང་དམ་བཅའ་ཡིན། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་དྲག་ཤུགས་འཁྲུག་རྩོད་སོགས་འགྲོ་མིའི་ཐོབ་ཐང་བྲེལ་མྱུར་གནས་ཚུལ་དང་ནམ་ཟླའི་འགྱུར་ལྡོག་སོགས་དུས་ཡུན་རིང་འབྲིང་གི་འགྲན་རྩོད་ཇེ་མང་དུ་སོང་བ་དང་བསྟུན་ནས། རྒྱལ་ཁབ་སོ་སོས་འགྲན་རྩོད་དེ་དག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ཀྱང་ཇེ་མང་དུ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།