ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་མ་འོངས་པའི་མཚོན་ཆའི་ཞིབ་འཇུག་གསར་སྤེལ་ལ་མཐོང་ཆེན་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཨུ་རུ་སིའི་དམག་དཔུང་གི་མཚོན་ཆ་དང་སྒྲིག་ཆས་ཀྱི་དེང་རབས་ཅན་གྱི་རིམ་འཕར་བྱ་བ་རྒྱུན་དུ་སྤེལ་བཞིན་ཡོད་པ་དང་། ཨུ་རུ་སི་ཡིས་མ་འོངས་པའི་མཚོན་ཆའི་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་བ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུའུ་ལི་ན་ཕོ་བྲང་དུ་མེས་རྒྱལ་གྱི་སྲུང་སྐྱོབ་མཁན་གྱི་ཉིན་མོའི་དགོང་ཚོགས་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་པའི་མ་འོངས་པའི་མཚོན་ཆར་སྐུལ་འོད་མཚོན་ཆ་དང་རིམ་འདས་སྒྲ་བརྒལ་མཚོན་ཆ། གནད་སར་ཕོག་པའི་མཚོན་ཆ་སོགས་འདུས་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཞིབ་འཇུག་གསར་སྤེལ་བྱས་པའི་མ་འོངས་པའི་མཚོན་ཆ་མང་བོ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་བསླེབ་ཡོད་པ་དང་། མཚོན་ཆ་མང་བོ་ཚོད་ལྟ་བྱས་ཏེ་དམག་དཔུང་ལ་སྒྲིག་སྦྱོར་བྱེད་བཞིན་ཡོད། དེ་ལས་ཨུ་རུ་སིའི་རྒྱལ་སྲུང་བདེ་འཇགས་ལ་མ་འོངས་པའི་དུས་ཚོད་ངེས་ཅན་ཞིག་གི་ནང་འགན་སྲུང་གང་ལེགས་ཐོབ་ཐུབ་པ་མཚོན་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། བློ་དཀར་ཞིང་སྤོབས་པ་ཆེ་བའི་ཨུ་རུ་སིའི་དམག་མི་ནི་ཨུ་རུ་སིའི་རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་ཡིན་ཟེར། 

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནི་སུའུ་ལེན་གྱི་དམག་འཛུགས་དུས་ཆེན་ཡིན་པ་དང་། སུའུ་ལེན་ཁ་ཐོར་དུ་སོང་རྗེས་ཨུ་རུ་སི་ཡིས་དུས་ཆེན་དེ་མེས་རྒྱལ་སྲུང་སྐྱོབ་མཁན་གྱི་ཉིན་མོར་བསྒྱུར་བ་རེད། ཨུ་རུ་སིའི་མངའ་ཁོངས་ཧྲིལ་བོར་ཉིན་དེར་དམག་དོན་དང་རྒྱལ་གཅེས་རིང་ལུགས་བརྗོད་སྙིང་དུ་བྱས་པའི་བྱ་འགུལ་སྣ་ཚོགས་སྤེལ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།