ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་འཇོག་སའི་མཛོད་ཁང་ཞིག་ལ་གཏོར་བཤིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་སཱ་ནཱ་རུ་ཡོད་པའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་འཇོག་སའི་མཛོད་ཁང་འགའ་གཏོར་བཤིག་བཏང་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་དམག་དོན་འགུལ་སྐྱོད་སྤེལ་ཏེ་ཧུའུ་སེ་དྲག་ཆས་པའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ། དྲག་ཆས་ཚོགས་ཁག་དེའི་སཱ་ནཱ་རུ་ཡོད་པའི་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་ལྷུ་ལག་སོགས་གསོག་ཉར་བྱེད་སར་གཏོར་བརླག་བཏང་ཟེར། 

ཐུའུ་ཨར་ཅི་ཡིས་ཧུའུ་སེ་དྲག་ཆས་པས་སཱ་ནཱ་གྲོང་ཁྱེར་དེ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་གསོག་ཉར་ལྟེ་གནས་སུ་བྱས་ཏེ། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་དང་མི་སེར་དཀྱུས་མའི་དམིགས་འབེན་ལ་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་ཧུའུ་སེ་དྲག་ཆས་པས་ཚེས་ཉེར་གཅིག་ཉིན་སོ་ཏི་ཨ་རབ་ཀྱི་མཐའ་མཚམས་གྲོང་ཁྱེར་དུ་འཕུར་མདའ་གཏོང་འཕེན་བྱས་པའི་རྒོལ་ལན་ཡིན་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་མི་སེར་དཀྱུས་མའི་སྡོད་ཁུལ་དུ་གཏོང་འཕེན་བྱས་པའི་འཕུར་མདའ་བཀག་འགོག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།